ངའི་ཕ་སྐད་ཕ་ཡིག

ཟངས་དཀར་མྱི་ལྡིང་། (ཟངས་དཀར་འཇམ་དབྱངས།)

ངའི་ཕ་སྐད་ཕ་ཡིག་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ཀྱིས་བརྩམས།

         ཉིན་འགའི་སྔོན་ཕ་ཡུལ་གྱི་སློབ་གྲྭ་དག་མགོ་འཛུགས་དགོས་པའི་བརྡ་འབྱོར་བས། བདག་གི་ཆུང་མའང་སློབ་གྲྭས་བཀོད་སྒྲིག་བཞིན་ཚོགས་འདུར་ཞུགས། ཕྱི་དྲོ་ནང་དུ་སླེབས་དུས་ང་ལ་༼ད་ལོ་དབྱར་ཁ་ནས་བཟུང་བོད་སྐད་ཡིག་གཅིག་པུ་མ་གཏོགས་རྩིས་རིག་སོགས་བསླབ་ཚན་གཞན་པ་ཀུན་རྒྱའི་སྐད་ཡིག་གིས་ཁྲིད་དགོས་པའི་ཡིག་ཆ་ཐོན་ཡོད་ས་རེད༽ཟེར། གཏམ་དེ་གོ་མ་ཐག་ཡིད་མི་ཆེས་པ་དངངས་སྐྲག་ཟུང་གི་ཚོར་བ་ཞིག་མཉམ་དུ་བྱུང་། རྗེས་ནས་ཡར་མར་ལ་མང་ཙམ་དྲིས་ཤིང་གོ་དུས་དེ་བདེན་པ་རེད་འདུག་ལ། བོད་ཀྱི་ས་ཆ་འགའ་རེར་སྔོན་ནས་སྲིད་ཇུས་འདི་ལག་བསྟར་བྱས་འདུག

འདི་ལྟ་བུའི་སློབ་གསོའི་བྱེད་ཐབས་ཤིག་ཅིའི་ཕྱིར་ལག་བསྟར་བྱེད་དགོས་པར་ཏན་ཏན་འགྲེལ་བཤད་རེ་རྒྱག་རྒྱུ་ཡོད་ངེས་མོད།  བོད་རང་གི་སྐད་དང་ཡི་གེས་བསྐྱངས་ཤིང་། དེ་ལ་ཆ་རྒྱུས་ཡོད་པའི་མི་ཞིག་ལ་མཚོན་ན་དོན་འདི་གཏམ་ངན་ཞིག་ཅི་ལ་མིན། རྩིས་དངོས་རྫས་སོགས་ཀྱི་སློབ་ཚན་བོད་ཡིག་གི་མིང་བརྡའི་མི་འདང་བས་འཁྲིད་མེད་ཟེར་བ་ཡིན་ན། དེ་ནི་ཧ་ཅང་བསམ་བློ་མ་བཏང་བ་དང་འགན་མ་འཁུར་བའི་གཏམ་ཡན་ཞིག་རེད། ཚན་རིག་གི་རྣམ་གཞག་དང་ལག་རྩལ་ཡུལ་བྱེ་བྲག་པ་ཞིག་ནས་དར་སྐབས་མི་རིགས་གང་གི་སྐད་དང་ཡི་གེའི་ནང་དུ་གསར་བྱུང་རིག་གནས་དེའི་ཐ་སྙད་དམ་མིང་བརྡ་ཡོངས་རྫོགས་ཡོད་བསྡད་ཡོད། དེ་དག་རིམ་བཞིན་ལག་ལེན་དང་སློབ་སྦྱོང་བརྒྱུད་ནས་མི་རིགས་གཞན་དག་གི་སྐད་ཡིག་ཏུ་གྲུབ་ཡོང་བ་མ་ཡིན་ནམ། བོད་ཡིག་ཏུ་ཐ་སྙད་མང་པོ་བསྒྱུར་ཐབས་མེད་ཟེར་ན་ནི་དགོད་འཆོར་བའི་གནས་ཡིན། དཔེར་ན། དབྱེ་བ་མང་ལ་ཉོག་འཛིང་ཧ་ཅང་ཆེ་བའི་སེམས་དང་རྣམ་ཤེས་སོགས་ཀྱི་རྣམ་གཞག་ལ་འཛམ་གླིང་ན་བོད་སྐད་ཡིག་གི་ཐ་སྙད་ལས་ཕྱུག་པའི་འཛམ་གླིང་ན་སྐད་ཡིག་གང་ཡོད། དེ་ལྟ་བུའི་ཉོག་འཛིང་ཅན་དག་བོད་ཡིག་གིས་གསལ་བོར་བརྗོད་ཐུབ།

ཡང་གཅིག་བཤད་ན། རྒྱ་གར་གྱི་ནང་ཆོས་བོད་ཡིག་དང་རྒྱ་ཡིག་ཉིས་ཆའི་སྒང་ལ་འགྱུར་ཡོད་མོད། འགྱུར་གྱི་སྤུས་ཀ་དང་མིང་བརྡའི་ཆོད་ཀྱི་ཆ་ནས་བོད་ཡིག་ཐ་སྙད་མང་པོ་རྒྱ་ཡིག་ལས་གསལ་ལ་རྒྱ་ཆེ་བ་ཡིན་པ་མིག་མཐོང་ལག་ཟིན་རེད། དཔེར་ན།  རྡརྨ།  བུདྷ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་གནད་འགག་ཅན་གྱི་བརྡ་ཆད་མང་པོ་བོད་ཡིག་ཏུ་ཇི་མ་ཇི་བཞིན་དོན་བསྒྱུར་བྱས་ཡོད་ཅིང་རྒྱ་ཡིག་ལ་ལེགས་སྦྱར་གྱི་སྒྲ་མང་པོ་སོར་འཇོག་བྱས་ཡོད།  དེ་བས་རྒྱ་ཡིག་ཏུ་བསྒྱུར་ཐུབ་པ་ཞིག་བོད་ཡིག་གིས་སྟོན་ཐུབ་པ་གསལ་བོ་རེད། རིག་ཚན་གཞན་ལ་མིང་བརྡ་གསར་བ་ཅིའི་ཕྱིར་བཟོ་མི་ཐུབ་པ་ཡིན་ནམ། ཡང་གཅིག་བསམ་ན། གལ་ཏེ་དེ་ལྟར་ལག་བསྟར་བྱས་ན། ད་བར་བོད་སྐད་ཡིག་གིས་རྩིས་དངོས་རྫས་གསུམ་ཁྲིད་ནས་ཡོང་བའི་དགེ་རྒན་ག་ཙམ་ཞིག་གིས་རྒྱའི་སྐད་ཡིག་གིས་ཁྲིད་ཐུབ་བམ།  ང་ཚོས་རྒྱུན་ཏུ་མི་རིགས་ཀྱི་རིག་གནས་ནི་གཞི་ནས་འཛམ་གླིང་གི་རིག་གནས་ཡིན་(民族的才是世界的)ཟེར་བ་མ་ཡིན་ནམ། དེ་བས། རིག་གནས་རྐང་གཅིག་ཡིན་ཡང་བདག་སྐྱོང་དང་གཅེས་སྤྲས་མི་དགོས་སམ། མི་རིགས་ཤིག་ཡར་རྒྱས་སུ་གཏོང་དགོས་ན་མི་རིགས་དེའི་རིག་གཞུང་དང་ལག་རྩལ་ཡར་གཏོང་དགོས་པ་ལས། མི་རིགས་དེའི་རིག་གཞུང་གི་ཚབ་ཏུ་རིག་གནས་གཞན་པ་བཞག་པ་ཡར་རྒྱས་ག་ལ་ཡིན།  དུས་དང་འཚམ་ལ་འོས་དང་བསྟུན་པའི་བསྒྱུར་བཅོས་དང་བཀོད་སྒྲིག་བྱེད་ཀྱང་དགོས་ལ་ཆོག་ཀྱང་ལོས་ཆོག  མི་རིགས་ཤིག་གིས་དུས་རབས་ཀྱི་རྗེས་ཆོད་དགོས་ཚེ། མི་རིགས་དེའི་སྐད་དང་ཡི་གེ་ཡིས་བསྐྱེད་པའི་འདུ་ཤེས་དང་བློ་གྲོས་ཀྱིས་དུས་རབས་ཀྱི་མི་རབས་དེར་མཁོ་སྤྲོད་བྱེད་དགོས་ཤིང་། དེ་ཡང་སྙིགས་དོར་བཅུད་ལེན་ནམ་བཟང་འདྲེན་ངན་སྤོངས་ཀྱི་ལམ་ནས་ཡར་རྒྱས་དང་ཡར་བསྐྱེད་བྱེད་པ་ལས། རང་གི་མ་གཞིའི་རིག་གནས་ཀྱི་ངོ་བོ་དོར་ནས་ཚབ་ལ་གཞན་ཞིག་བཞག་པ་དེ། དོན་དུ་མི་རིགས་གཞན་འགྱུར་ཡིན་པ་ལས་མི་རིགས་ཡར་རྒྱས་རྩ་བ་ནས་མིན།

བོད་ཀྱི་རིག་གནས་མུ་མཐུད་དུ་གོ་ལ་འདི་ནས་གསོན་དགོས་ཚེ། དུས་དང་བསྟུན་པའི་ཤེས་བྱ་ཁག་སྐད་ཡིག་འདི་ཡིས་སྦྱོང་ཐུབ་པ་བྱེད་དགོས། དེ་མིན་དུས་རབས་ཀྱི་ཤེས་བྱ་དབེན་པའི་སྐད་ཡིག་ཅིག་རིམ་གྱིས་མི་སུ་ཞིག་གིས་བདག་པོ་རྒྱག་སྲིད། དེའི་ཕྱིར་རྩིས་དངོས་རྫས་དང་འཇིག་རྟེན་རིག་པ་སོགས་ཡོད་པ་ཉམས་ལེན་དང་མེད་པར་ཁ་སྐོང་བྱེད་པ་ནི་གཞུང་སྒེར་ཀུན་གྱི་ཕྲག་ཏུ་བབ་པའི་འོས་འགན་ཡིན་ལ། དེ་ནི་དོན་དམ་པར་མི་རིགས་འདི་དང་མི་རིགས་འདིའི་སྙིང་པོ་སྟེ་སྐད་ཡིག་གི་ཤི་གསོན་ལ་བསམ་བློ་བཏང་བའང་རེད། སྐད་ཡིག་ཇེ་ཕྱུག་དང་ཇེ་རྒྱས་གཏོང་བ་ནི་མིག་རྒྱང་རིང་པོའི་མི་རིགས་དང་རྒྱལ་ཁབ་སྐྱོང་བའི་རིག་གནས་ཀྱི་ཐབས་ཇུས་ཤིག་ཡིན།  དེ་བས་སློབ་གྲྭ་ཁག་གི་དགེ་རྒན་ཆེན་མོ་དང་། བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་སྤྱི་ཚོགས་ཚན་རིག་ཁང་གི་སློབ་དཔོན་ཆེན་མོ་དག་ནམ་རྒྱུན་མི་སེར་དང་དགོན་སྡེ་ཁག་ན་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་དག་གིས་གནད་དོན་འདི་ལྟ་བུ་ལ་མི་སྨྲ་བའི་བརྟུལ་ཞུགས་མི་མཛད་པར་གསུང་རེ་འབྱོན་དང་། དོན་དངོས་བོད་སྐད་ཡིག་གིས་རྩིས་དངོས་རྫས་གསུམ་སོགས་འཁྲིད་མི་ཐུབ་པ་ཡིན་ནམ། གལ་ཏེ་ཡིན་ན། སློབ་ཚན་དེ་དག་སྐད་རིགས་གཞན་གྱིས་ངེས་པར་འཁྲིད་དགོས། རྒྱུ་མཚན་ནི་བསླབ་བྱ་དེ་དག་མ་བསླབ་ཐུ་མེད་ཀྱི་དེང་རབས་ཤེས་བྱ་ཡིན་པས་སོ།།

གལ་ཏེ་སློབ་ཚན་དེ་དག་བོད་སྐད་ཡིག་གི་སྒང་ནས་སྐད་རིགས་གཞན་ཇི་མ་ཇི་བཞིན་འཁྲིད་ཐུབ་ན། དེ་ལྟར་ལག་བསྟར་བྱེད་བཞིན་པ་དང་ལག་བསྟར་བྱེད་འཆར་གྱི་སྲིད་ཇུས་ལ་དགོངས་ཚུལ་རེ་གསུངས་དང་། ཁྱོད་ཅག་གི་གསུངས་ལ་དོ་སྣང་བྱེད་མཁན་མང་ལ་རིན་ཐང་ཡང་ཆེ་བས། འབྲེལ་ཡོད་སྡེ་ཁག་གིས་ཏན་ཏན་བསམ་བློ་གཏོང་ངེས། ནམ་རྒྱུན་བོད་ཀྱི་སྐད་ཡིག་ཟེར་ནས་མང་ཚོགས་ལ་སྐད་ཆ་ཚོན་པོ་བཤད་པར་དགའ་བའི་མི་བུ་དེ་དག་ཕེབས་ཤོག་དང་། ཁ་མར་འཁོར་ནས་མི་སེར་ལ་བཤད་རྒྱུ་གཅིག་པུ་མིན་པར། གནད་འགག་གི་སྐབས་སུ་ཁ་ཡར་འཁོར་ནས་འབྲེལ་ཡོད་སྡེ་ཁག་དག་ལ་རྒྱུ་མཚན་དང་འགྲེལ་བཤད་བྱེད་རོགས་བྱོས་དང་།  མི་སེར་ལ་ཐུག་དུས་སྐད་ཆ་ཆེན་པོ་བཤད་ཕོད་ཅིང་ཁྲིམས་སྲོལ་སྣ་ཚོགས་འཇོག་ཐུབ་པ། ཁས་ལེན་འདྲ་མིན་ལེན་པར་དགའ་བ། སྐད་ཡིག་གི་རིན་ཐང་ཨང་རིམ་ལྟར་སྒྲིག་མཁས་པ། དེ་དག་ཡང་བོད་མི་རིགས་ཀྱི་ཆེད་ཡིན་ཟེར་མཁན་ཚོ། དེ་རིང་ཡང་མི་རིགས་འདིའི་སྐད་ཡིག་གི་ཆེད་རྒྱུ་མཚན་དང་འགྲེལ་བཤད་རེ་བྱོས་དང་། སྐྲག་དོན་དང་ཞུམ་དགོས་དོན་གཏན་ནས་མེད། རྒྱུ་མཚན་ནི། མི་རིགས་ས་ཁུལ་ནས་རང་གི་སྐད་དང་ཡི་གེ་བཀོལ་ཆོག་པ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་གསལ་བོར་འཁོད་ཡོད་པ་ཁྱོད་ཅག་གིས་ཀྱང་ལོས་མཁྱེན།  དེ་བས་དེ་ལྟར་ཡར་ཞུ་བ་བྱེད་པ་ནི་རང་རེའི་སྐད་ཡིག་འདི་གཅིག་པུའི་དོན་མིན་པར་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་བྱས་པའང་མ་ཡིན་ནམ། ཁ་དཔེར་ལ།  ཉན་ཉན་ན་གྱང་གྲགས། བལྟས་བལྟས་ན་རི་འགུལ།  ཟེར་བ་ལྟར་དོན་མེད་ལ་རྣམ་རྟོག་མང་པོས་སྐྱེས་པའི་བསམ་བློ་ལྷག་མ་གཏོང་དགོས་དོན་མེད་པས། བོད་སྐད་ཡིག་གིས་བྱ་བ་སྒྲུབ་ཅིང་མཁས་མིང་དང་མཁན་ཐོབ་བཞེས་པ། རང་དང་རང་གི་འཁོར། རང་གི་བཟའ་མི་བཅས་བོད་སྐད་ཡིག་ལ་བརྟེན་ནས་འཚོ་བའི་མཁས་པ་དང་མི་སྣ་གལ་ཆེན་ཚོས་གསུང་རེ་འབྱོན་པ་དང་ང་ཚོ་ལའང་བོད་སྐད་ཡིག་གིས་སློབ་ཚན་དེ་དག་སྦྱང་ན་ཐུབ་མིན་གྱི་གསལ་བཤད་རེ་གནང་རོགས།

༢༠༢༠/༠༤/༠༧ ཉིན་བོད་སྐད་ཡིག་གི་ཆེད་དུ་མཛད་རྗེས་བླ་མེད་གནང་བའི་སློབ་དཔོན་དམ་པ་མཁས་དབང་དམུ་དགེ་བསམ་གཏན་མཆོག་གི་འདས་མཆོད་ཉིན་བོད་སྐད་ཡིག་གི་དོན་ཅུང་ཙམ་རེ་ཁོང་གི་མཛད་རྗེས་རྗེས་དྲན་ཚུལ་དུ་བཤད་ཁུལ་བྱས་པའོ།།

Leave a Reply