བཞུགས་སྒར་དྷ་ས་ནས་བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་བརྩི། 2021

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༥ ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་པར། བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་རྩོམ་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་ཞུས་ཤིང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་དོན་པ་དགེ་བཤེས་ལྷག་རྡོར་ལགས་ཕེབས་ཡོད་པ་དང་། དེ་མིན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་དང་། དྲུང་ཆེ་དང་རྒྱུན་ལས་རྣམས། གཞན་ཡང་གསར་ཁང་ཁག་གི་གསར་འགོད་པ་བཅས་འཛོམས་ཏེ། མཛད་རིམ་དབུ་འཛུགས་ཞུས་ཡོད་པ་རེད།

དེ་ཡང་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་མཆོག་གིས་བཙོན་འོག་ཉིན་མོ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གྱི་གསུང་བཤད་གནང་བ་དང་། བོད་ཀྱི་པེན་ཚོགས་གཙོ་དང་སཱ་ར་མཐོ་སློབ་ཀྱི་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་མཆོག་ནས་བོད་ནང་གི་རྩོམ་འབྲིའི་རང་དབང་དང་འབྲེལ་ནས་གསུང་བཤད་གལ་ཆེན་གནང་། གཞན་ཡང་བོད་ཀྱི་པེན་ཚོགས་གཞོན་དང་ནོར་གླིང་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ནས། བཙོན་འོག་རྩོམ་པ་པོའི་སྙན་ཐོ་དང་འབྲེལ་བོད་ནང་གི་སྐད་ཡིག་དང་རྩོམ་པ་པོའི་ཉེན་ཚབས་སྐོར་གྱི་གསུང་བཤད་གནང་། 

དེ་མིན་བོད་ཀྱི་པེན་དྲུང་ཆེ་དང་ནོར་གླིང་ཐོན་སྐྱེད་འགན་འཛིན་ཉི་མ་འཚོ་ལགས་ནས། རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་དང་ཕྱི་ལོ་ ༢༠༢༡ ལོའི་པེན་བཙོན་འོག་མི་སྣ་ངོ་སྤྲོད་གནང་བ་དང་། བོད་ཀྱི་དུས་བབ་རྩོམ་སྒྲིག་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ལས་ཐོག་པདྨ་འཚོ་ལགས་ནས། བོད་ནང་གི་བུད་མེད་རྩོམ་པོའི་གནས་བབ་མཚམས་སྦྱོར་གནང་། དེ་བཞིན་དུ་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་སྤྱིའི་པེན་གྱི་ལོ་ངོ་བརྒྱའི་ལོ་རྒྱུས་ཆེད་དེབ་དང་། བོད་ནང་གི་བཙོན་འོག་རྩོམ་པ་པོའི་དམིགས་བསལ་སྙན་ཐོའི་དེབ་གཅིག་དབུ་འབྱེད་བྱས།

མཇུག་ཏུ་དེ་རིང་གི་ཉིན་མོ་དང་འབྲེལ་བའི་སྙན་ངག་གྱེར་འདོན་གྱི་ཚན་པ་སྟེ། བོད་ཀྱི་ཟློས་གར་ཁང་གི་རིག་རྩལ་དཔྱད་ཞིབ་པ་དང་བོད་དགེ་བསོད་ནམས་ཚེ་བརྟན་ལགས་ནས། སྙན་ངག་གྱེར་འདོན་གནང་ཤིང་།  སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་པ་སྨིན་སྣང་མཛེས་ལགས་ནས། སྙན་ངག་གྱེར་འདོན་གནང་བ་དང་། པེན་རྒྱུན་ལས་ཁྲི་སྲོང་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་གསུང་བཤད་གནང་སྟེ་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ།

བཞུགས་སྒར་དྷ་ས་ནས་བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་བརྩིའི་སྐབས་ཀྱི་བརྙན་འཕྲིན། དང་པོ།
བཞུགས་སྒར་དྷ་ས་ནས་བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་བརྩིའི་སྐབས་ཀྱི་བརྙན་འཕྲིན། གཉིས་པ།

ཕྱི་ལོ་ 2021 ལོའི་ཟླ་ 11 ཚེས་ 15 ཉིན། 

Leave a Reply