ངས་མཐོང་བའི་བླ་བྲང་ཨ་ཁུ་འཇིགས་མེད་རྒྱ་མཚོ།

རྩོམ་པ་པོ། དུར་བྱང་།

(ཁོང་མི་ཚེ་མཐར་མ་ཕྱིན་པར་ཅིའི་ཕྱིར་སྐུ་གཤེགས་པ་རེད་དམ།
དོན་ངོ་མར་ཁོང་གིས་ནག་ཉེས་ཅི་ཞིག་བསགས་པ་རེད་དམ།
ཡང་སྙིང་བླ་བྲང་ཨ་ཁུ་འཇིགས་མེད་རྒྱ་མཚོ་སུ་རེད་དམ།)
ཨ་ཁུ་འཇིགས་མེད་མགོ་རིལ་ཞུ་བ་ཁོང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་དཀྱུས་མ་ཞིག་རེད། རིམ་བཞིན་བླ་བྲང་དགོན་པའི་དོ་དམ་ཁང་གི་འགན་འཛིན་གཞོན་པ་གཙོས་དགོན་པ་དང་གྲྭ་ཚང་གི་ལས་འཁུར་མང་བོ་བཞེས་འདུག དུས་རབས་ཉེར་གཅིག་པ་མགོ་བཙུགས་པ་དང་མཉམ་དུ་ཁོ་བོས་ཨ་ཁུ་འཇིགས་མེད་མགོ་རིལ་ཟེར་བ་ཞིག་ཡང་ཡང་གོ་ཐོས་བྱུང་། སྐབས་དེར་ཕྲན་གྲྭ་བ་བྱས་ནས་ལོ་བཞི་ཙམ་འགོར་ཡོད་ལ་རང་ལོ་བཅུ་བཞི་ཡིན། ཕྲན་རྐང་རྩལ་སྤོ་ལོ་རྩེད་རྒྱུར་ཧ་ཅང་དགའ་བོ་ཡོད། ཨ་ཁུ་འཇིགས་མེད་མགོ་རིལ་གྱི་དགེ་ཕྲུག་ཀྱང་སྤོ་ལོ་རྩེད་རྒྱུར་དགའ་བོ་ཡོད་སྟབས། ངེད་གཉིས་རང་བཞིན་གྱིས་གྲོགས་པོར་གྱུར་སོང་། དེ་ནས་བཟུང་ཨ་ཁུ་འཇིགས་མེད་ལགས་ཕྲན་གྱི་བརྩི་བཀུར་བྱེད་ཡུལ་དུ་གྱུར། དེ་ནི་ཁོང་གི་དགེ་ཕྲུག་དང་ངེད་གཉིས་གྲོགས་པོ་ཡིན་པའི་སྟབས་ཀྱིས་རེད། ལྟོས་འཇོག་གིས་བཤད་ན། ཨ་ཁུ་འཇིགས་མེད་མགོ་རིལ་ལགས་རྒྱ་བོད་གཉིས་ཀའི་ཡིག་རིགས་ཙམ་མ་ཟད། ལྷག་པར་དུ་རྒྱ་ནག་གི་རྩ་ཁྲིམས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་མཁྱེན་པ་གཏིང་ཟབ་ཡོད་འདུག ཁོང་གི་རྣམ་རིག་དང་ལར་ཞེན། དྲང་ཚུགས་དང་བློ་སྟོབས་སོགས་ཁོང་དང་ན་ཚོད་མཉམ་པའི་རྒྱུས་ཡོད་མང་བོའི་ཞལ་ནས་དངོས་སུ་གོ་ཐོས་བྱུང་།
ཕྱི་ལོ 2006 ལོར་ཨ་ཁུ་འཇིགས་མེད་མགོ་རིལ་ལགས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བཞིན་པའི་སྐབས་དང་བསྟུན་རྒྱ་གར་ལ་ཕྱིན་སོང་། ~གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་ཏེ་བོད་སྤྱིའི་གནས་སྟངས་དང་ས་གནས་ཀྱི་གནད་དོན་འགའ་སྙན་གསེང་ཞུས་པ་དང་དེའི་བཀའ་ལན་སོགས་ཁོང་གིས་བྲིས་པའི«དཀའ་སྡུག་གི་ཟིན་ཐོ»འི་ནང་དུ་ཧ་ཅང་ཞིབ་གསལ་འཁོད་འདུག རྒྱ་གར་འཕགས་པའི་ཡུལ་ནས་ལས་དོན་ཁག་གྲུབ་རྗེས་ཕྱིར་བོད་ནང་ལ་ལོག་ཕེབས་གནང་སོང་། སྐབས་དེར་རྒྱ་གཞུང་གིས་ཁོང་བཙན་གྱིས་བཀག་ཉར་བྱས། རྒྱ་གཞུང་གི་འདྲི་གཅོད་ཁང་ནས་ཁོང་ལ། “ཏཱ་ལའི་བླ་མས་ག་རེ་བཤད་ཀི་འདུག”ཅེས་དྲིས། ཁོང་གིས། “རྒྱལ་བ་རིན་པོ་ཆེས་གོ་ལ་གཅིག་གྱུར་དང་འཛམ་གླིང་ཞི་བདེའི་སྐོར་བཅས་གསུངས་གནང་གི་འདུག ད་དུང་ང་ལ་རྟེན་སྐལ་གནང་ཞིང་ཡ་རབས་བཟང་སྤྱོད་དང་འཛམ་གླིང་ཞི་བདེ་ཡོང་རྒྱུའི་ཆེད་དུ་ཐུགས་སྨོན་གནང་བ་ལས། གཞན་ལ་གནོད་འཚེ་གཏོང་ཆེད་དུ་འགད་རྫས་རྡོག་རྡོག་ཅིག་གནང་བ་མ་རེད། ང་ཏཱ་ལའི་བླ་མར་མཇལ་ནས་བཀའ་གསུང་བྱིན་ཅན་དང་རྟེན་སྐལ་འདི་འདྲ་གནང་བ་ནི་ངའི་མི་ཚེའི་བྱ་བཞག་གལ་ཆེན་ཞིག་འགྲུབ་སོང་སྙམ་པའི་དགའ་སྤྲོ་སྐྱེས་པ་ལས། འདི་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པ་སེམས་ལའང་ཤར་མ་མྱོང”ཞེས་ལན་བཏབ་པ་སོགས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁོར་ཡུག་ཀུན་ཏུ་ཁྱབ་པར་གྱུར། དེ་ནས་བཟུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་མང་ནས་ཁོང་གི་དྲང་ཚུགས་དང་སྙིང་སྟོབས་ལ་ངོས་འཛིན་གསར་བ་ཞིག་གིས་སྣོན་མ་བཏབ་སོང་།
ཕྱི་ལོ 1959 ལོར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་དངོས་སུ་དྲག་གནོན་བྱས་ནས་བོད་མི་ས་ཡ་གཅིག་ཡས་མས་ཤིག་དམར་གསོད་བཏང་ཞིང་བོད་རྒྱལ་ཁབ་ཆེན་མོ་བཙན་འཕྲོག་བྱས་པ་རེད། དེ་ནས་བཟུང་གཞིས་བྱེས་གཉིས་སུ་གྱེས་ནས་བོད་རྒྱལ་ཁབ་ཆེན་མོ་སླར་གསོ་དང་རྒྱ་བོད་ཞི་འགྲིག་གི་ལས་འགུལ་སྣ་མང་ཞིག་བོད་ཕྱི་ནང་གཉིས་སུ་བསྟུད་མར་བྱུང་། བཙན་བྱོལ་གཞུང་དམངས་གཉིས་ནས་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་བོད་ཞི་འགྲིག་ཡོང་ཐབས་ལ་འབད་པ་ལྷོད་མེད་བྱས་ཀྱང་། ཕན་འབྲས་ཅི་ཡང་མེད་པའི་ཁར། དེ་ལས་ལྡོག་སྟེ་རྒྱ་གཞུང་གིས་རིམ་པ་ལྟར་མངོན་གསལ་དང་མངོན་གསལ་མ་ཡིན་པའི་ཐོག་ནས། ཞི་དྲག་གཉིས་ཀས་ཐབས་ཇུས་སྤྱད་ནས་བོད་ཀྱི་རིག་གཞུང་དང་ཁོར་ཡུག བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་གཏིང་རིང་དེ་དག་དངོས་སུ་ལག་ལེན་བསྟར་བ་དང་། ཉིན་འཁྱོལ་ན་མཚན་མི་འཁྱོལ་བའི་ཉེར་ལེན་ལ་བརྟེན། ཕྱི་ལོ 2008 ལོར་ཐབས་ཟད་འུ་ཐག་གི་སྒོ་ནས་བོད་ས་ཡོངས་ནས་ས་བྱི་ལོའི་ཕྱི་རྒོལ་ཆེན་མོའི་ལས་འགུལ་དེ་བྱུང་བ་རེད། དེའང་རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་འདོད་ཀྱི་སྲིད་ཇུས་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་པ་ལས། རྒྱ་གཞུང་གི་ངོས་ནས་དུས་རྟག་ཏུ་ཕྱི་ལོག་གིས་ངན་སྐུལ་སོགས་ལ་བརྟེན་ནས་ལས་འགུལ་འདི་སྤེལ་བ་རེད་ཅེས་བསྒྲགས་དང་སྒྲོག་བཞིན་པ་ནི་དངོས་ཡོད་མ་ཡིན་པར་ཁ་གཡར་ས་ཙམ་ཡིན། དངོས་ཡོད་ཀྱི་རྒྱབ་ལྗོངས་འདི་དག་གཞི་རྩར་བཟུང་ནས་ད་བཟོད 2008 ལོར་རྒྱ་ནག་ནས་ཨོ་ལེམ་ཕི་ཁུ་རྩེད་བཞིན་པ་དང་སྟབས་བསྟུན། དངོས་ཡོད་བོད་ཀྱི་གནད་དོན་དག་འཛམ་གླིང་མི་དམངས་ལ་ཤེས་སུ་འཇུག་འདོད་ཀྱི་རེ་འདུན་འོག ང་ཚོས་མ་སྐུལ་དང་བླངས་ཀྱིས་གོ་སྐབས་འདི་བརྩོན་ལེན་བྱས་པ་རེད།
དེའི་ཕྱིར། ཕྱི་ལོ 2008 ལོར་བོད་ས་ཡོངས་ལ་དྲག་ཆས་གྱོན་པའི་དམག་མི་དེ་དག་གིས་བདེན་པའི་འབོད་སྒྲ་ལ་འགད་རྫས་དང་མེ་མདས་ཁ་གཏད་བཅག་ནས་མདུན་མཆོངས་དཔའ་རྒོད་དག་དམར་གསོད་གཏོང་བཞིན་ཡོད་ལ། མང་བོ་ཞིག་ཉེས་མེད་བཙོན་དུ་བཅུག་ནས་མནར་གཅོད་དྲག་པོ་བཏང་དང་གཏོང་བཞིན་པ་རེད། (ཕྲན་སྐབས་འདིའི་ཞི་བའི་ངོ་རྒོལ་ནང་དངོས་སུ་མཉམ་ཞུགས་བྱས་པར་བརྟེན་གསལ་ཆ་ཧ་ཅང་ཆེ་མོད། སྐབས་དོན་བསྒྲིབ་ཉེན་ཆེ་བས་མུ་མཐུད་ནས་ཨ་ཁུ་འཇིགས་མེད་སྐོར་གླེང་རྒྱུ་ཡིན།) བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱི་རྒོལ་གྱི་རྣམ་པ་དང་རྒྱ་གཞུང་གིས་སྡུག་རྩུབ་ཆེ་བའི་དྲག་གནོན་ཇི་ལྟར་བྱེད་བཞིན་པ་སོགས་མངོན་སུམ་འཛེམ་མེད་ཀྱིས་ཕྱི་ལོག་ལ་ཐོག་མར་བསྒྲགས་མཁན་ནི་ཨ་ཁུ་འཇིགས་མེད་མགོ་རིལ་ལགས་རེད། སྐབས་དེར་ཁོང་གིས་ཕྱི་ལོག་ཏུ་ཡོད་པའི་གསར་ཁང་ཁག་ཏུ་འགྲེལ་བརྗོད་ཇི་ལྟར་བྱས་པ་ཚང་མ་ཁོ་རང་གི་ཁ་པར་ནང་དུ་སྒྲ་འཇུག་བྱས་ཏེ། ཉེས་མེད་ཉེས་འགེལ་ལ་གོམས་པའི་རྒྱ་ནག་ཉེན་རྟོག་པས་ནམ་ཞིག་འཛིན་བཟང་བྱེད་སྐབས་བདེན་པ་ར་སྤྲོད་པའི་ཕྱིར་དུ་གྲ་སྒྲིག་ཨང་གསར་བྱས་ཡོད། གནས་ཚུལ་དེ་དག་གོ་ཐོས་བྱུང་བ་དང་ལྷན་དུ་བསྟོད་པའི་མཐེ་བོང་འགྲེངས། དངོས་གནས་ངར་བ་རེད། ཐུགས་རྗེ་ཆེ་སོགས་གྲྭ་མང་ཡོངས་ནས་ངག་ལ་ཟློ་བཞིན་པ་ཀུན་གྱིས་ཤེས། རྒྱུ་མཚན་དེར་བརྟེན། ཕྱི་ལོ 2008/3/22 ཉིན་གྱི་ཕྱི་དྲོར་རྒྱ་དམག་གིས་ཁོང་བཙན་ཁྲིད་བྱས་སོང་། གར་སོང་ཆ་མེད་དུ་གྱུར།
ཁོང་བཙན་ཁྲིད་ཟིན་པའི་ཉིན་ཤས་རྗེས། ཁོང་གི་དགེ་ཕྲུག་དང་ངེད་གཉིས་ཨ་ཁུ་འཇིགས་མེད་མགོ་རིལ་གྱི་གྲྭ་ཤག་ཏུ་ཕྱིན། ཁོང་གི་གྲྭ་ཤག་ནི་གླིང་སྟོད་སྨད་གཉིས་སུ་ཕྱེས་བའི་གླིང་སྟོད་དུ་ཡོད་ལ། ཁོང་གི་གྲྭ་ཤག་དེའང་གྲྭ་ཤག་གཞན་དང་གཅིག་མཚུངས་ཡིན་པ་ལས་དམིགས་བསལ་བ་དེ་འདྲ་གང་ཡང་མེད། ར་སྐོར་ཆེ་ཆུང་རན་པ་ཞིག་ཡིན་ལ་ནང་དུ་ཉལ་ཁང་ཁ་ཤས་འདུག དེ་སྔོན་ཁོང་གི་གྲྭ་ཤག་ཏུ་ཐེངས་འགར་འགྲོ་མྱོང་མོད། ཉིན་དེར་ཁོང་གི་གཟིམ་ཤག་ནང་དངོས་སུ་མཇལ་བ་ཐོག་མ་ཡིན། གོང་ས་ཐམས་ཅད་མཁྱེན་པ་མཆོག་གཙོས་སྐྱེས་ཆེན་ཁག་ཅིག་དང་། འབའ་བ་ཕུན་ཚོགས་དབང་རྒྱལ་དང་ཝིང་ལེའི་ཞིན་སོགས་ཤེས་ཡོན་པ་དང་སྐད་གྲགས་ཆེ་བའི་མི་མང་བོ་ཞིག་དང་ལྷན་དུ་བསྒྲོན་པའི་སྐུ་པར་དག་ཁོང་གི་གཟིམ་ཁང་གི་གཡས་གཡོན་གྱི་གྱང་ངོས་སུ་བཀལ་འདུག སྐབས་དེར་ཉེན་རྟོག་པ་ཁོང་གི་གཟིམ་ཤག་ལ་སྔོག་གཤེར་བྱེད་དུ་ཡོང་མི་འདུག ངས་ཁོང་གི་དགེ་ཕྲུག་ལ་འདྲ་པར་འདི་དག་གཙོས་ཡིག་ཆ་ཁག་ས་ཆ་གཞན་དུ་སྦས་སྐུང་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བཤད། འདྲ་པར་འདི་དག་ལེན་མི་དགོས་ཞེས་ཨ་ཁུ་འཇིགས་མེད་ཁོ་རང་གིས་གསུངས་སོང་ཟེར།
ཁྲི་མུན་བཙོན་དུ་ཚུད་པའི་ཨ་ཁུ་འཇིགས་མེད་མགོ་རིལ་ལགས་ལ་གནས་ཚུལ་ཅི་བྱུང་སུས་ཀྱང་མི་ཤེས། མཐའ་ན་ཁོང་གི་ཨ་མ་དང་སྤུན་མཆེད། གཉེན་ཉེ་སོགས་ཀྱིས་ཀྱང་མི་ཤེས། སྐབས་དེར་མི་སུ་དང་མཉམ་དུ་སྐད་ཆ་བཤད་ནའང་ཨ་ཁུ་འཇིགས་མེད་མགོ་རིལ་གཙོས་དཔའ་རྒོད་དག་གསོན་ཡོད་མེད་སོགས་དང་འབྲེལ་བའི་སྐད་ཆ་ཤ་སྟག་རེད། ཉིན་ཞག་ཟླ་འབྲེལ་གྱིས་ཁྲི་མུན་བཙོན་ཁང་ནས་བློས་མི་བཟོད་པའི་བཅར་རྡུང་གནར་གཅོད་ཚད་མེད་བཏང་ལ། སྨན་ཁང་ནས་སྨན་བཅོས་བྱེད་ཞོར་ཅུང་ཙམ་དྲག་བསྐྱེད་བྱུང་རྗེས་ཡང་སྐྱར་བཙོན་ཁང་དུ་ཁྲིད་ནས་མནར་གཅོད་བཏང་། སླར་ཡང་སྨན་ཁང་ལ་ཁྲིད་འདུག ཉིན་མཚན་དྲུག་ལ་སྐད་ཆ་བཤད་མི་ཐུབ་པར་མ་ཟད་ཟ་མའང་ཟ་མ་ཐུབ་པར་འཆི་བ་ལ་མངོན་དུ་ཕྱོགས་སྐབས། ཨ་ཁུ་འཇིགས་མེད་ལགས་ཁོང་གི་ནང་མིར་རྩིས་སྤྲོད་བྱས་སོང་། འོན་ཀྱང་ཁོང་གི་ནང་མིས་བཙོན་ཁང་ནས་ཕྱིར་ལེན་པའི་མིང་རྟགས་མ་བཀོད་པ་རེད། རྒྱུ་མཚན་ནི། ལུས་སེམས་གཉིས་ཀ་བདེ་ཐང་ཡིན་པའི་མི་ཞིག་ཟླ་གཅིག་གཉིས་ཤིག་གི་ནང་དུ། ཉེས་མེད་བཙོན་དུ་བཅུག་ནས་ཤི་མིན་གསོན་མིན་གྱི་གནས་སུ་བསྐྱལ་རྗེས། ད་དུང་བཙོན་ཁང་ནས་མནར་གཅོད་བཏང་མི་འདུག བདེ་འཇགས་རེད་ཅེས་མིང་རྟགས་འགོད་མཁན་སུ་ཞིག་ཡོད་དམ། ཇི་ལྟར་འགོད་དགོས་སམ། (ཁྲིམས་མེད་ལུགས་མེད་ཀྱི་རྒྱ་དམག་དེ་དག་གིས་བཙོན་ཁང་ནས་ཁོང་ལ་བློ་ཡུལ་ལས་འདས་པའི་མནར་གཅོད་དང་གཅར་རྡུང་ཅི་ཙམ་བྱས་ཡོད་པ་ཁོ་རང་གིས་བྲིས་པའི «དཀའ་སྡུག་གི་ཟིན་ཐོ» དང་འཛམ་གླིང་ལ་ཡོངས་སུ་གྲགས་པའི་བརྙན་ཐུང་དེ་ཚོའི་ནང་གསལ་བར་འཁོད་ཡོད།) “དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་དངོས་བྱུང་གི་ལོ་རྒྱུས་འདི་དག་འཛམ་གླིང་ཡོངས་ལ་ཁྱབ་པར་ཤོག བདེན་པ་དོན་དུ་གཉེར་བའི་འཛམ་གླིང་གི་ཚོགས་སྡེ་ཁག་གི་བདེན་པའི་མིག་ཟུང་གི་འོད་སྣང་བོད་ཡུལ་ལ་ཁྱབ་པར་ཤོག” འདི་ནི་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་ཡོད་ཚད་བློས་གཏོང་གནང་བའི་ཨ་ཁུ་འཇིགས་མེད་ཀྱི་མཐའ་མཇུག་གི་རེ་སྨོན་རེད།
བོད་ཀྱི་དཀའ་སྡུག་དང་བདེན་པའི་ཆེད་དུ་རང་སྲོག་གཏའ་མར་བཞག་ཟིན་པའི་མི་ཞིག་ལ་མཚོན་ན་གོ་སྐབས་བརྩོན་ལེན་བྱེད་རྒྱུ་ནི་སྨོས་ཅི་ལ་དགོས། ཉེན་རྟོག་པས་ཁོང་གི་ནང་མིར་རྩིས་སྤྲོད་བྱེད་བཞིན་ཡོད་ལ། ནང་མིའི་ངོས་ནས་མིང་རྟགས་འགོད་རྒྱུར་ཁས་ལེན་བྱེད་ཀྱི་མེད། སྐབས་དེར་ཁོང་གིས། ནང་མི་སྤུན་མཆེད་ལ། “ངའི་ཚེ་སྲོག་གི་རྒྱུན་ཕྲ་མོ་ཙམ་ཞིག་ལྷག་འདུག་པ་འདི་སླར་གསོ་ཐུབ་པའི་གོ་སྐབས་བརྩོན་ལེན་གནང་རོགས།”
“ངས་རྒྱ་མིའི་དམག་མི་དེ་ཚོའི་གདོང་ལ་བལྟས་ནས་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན། ཁྱོད་ཚོས་ང་བསད་ན་ཚར་བ་རེད། གལ་ཏེ་ང་ཕྱི་ལ་ཐར་ནས་སྐད་ཆ་བཤད་ཐུབ་པའི་གོ་སྐབས་བྱུང་ཚེ། ང་རང་གིས་མནར་གཅོད་ཇི་ལྟར་མྱངས་པ་དང་། ངའི་གྲོགས་པོ་ཚོ་དང་བོད་མི་ཡོངས་ཀྱི་མགོ་ཐོག་ལ་སྡུག་ཅི་ཙམ་ཡོང་བ་རྣམས་འཛམ་གླིང་མི་དམངས་ལ་བདེན་དཔང་བྱེད་རྒྱུ་ཡིན། ངས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞེས་བཤད་ཡོད།”ཅེས་དང་། “སླར་ཡང་ང་གསོན་པའི་དུས་ཚོད་ཅིག་བྱུང་ན། བོད་ཀྱི་ཆེད་དུ་ལས་དོན་ཐེངས་གཅིག་བསྒྲུབ་རྒྱུའི་གོ་སྐབས་འབྱུང་གི་རེད”ཅེས་ནན་སྐུལ་ཞུས་པར་བརྟེན། གཞི་ནས་ཁོང་གི་ནང་མི་ཚོས་བཙོན་ཁང་ནས་ཕྱིར་ལེན་པའི་ངོས་བཞེས་གནང་བ་རེད། ཁོང་ལ་སྨན་ཁང་དུ་མུ་མཐུད་ནས་སྨན་བཅོས་བྱེད་བཞིན་ཡོད། “དཔའ་མཛངས་གཉིས་ལྡན་གྱི་ཨ་ཁུ་འཇིགས་མེད་མྱུར་དུ་དྲག་བསྐྱེད་ཡོང་བར་ཤོག ཁོང་གསོན་པ་ནི་ང་ཚོ་སླར་ཡང་གསོན་པ་ཡིན།” འདི་བླ་བྲང་བཀྲ་ཤིས་འཁྱིལ་དང་དེའི་ཉེ་འཁོར་ན་ཡོད་པའི་སྐྱ་སེར་ཀུན་གྱི་རེ་བ་དང་སྨོན་འདུན་ཡིན། བླ་བྲང་བཀྲ་ཤིས་འཁྱིལ་ལ་གྲྭ་ཚང་དྲུག་དང་། རྨད་བྱུང་ཐོས་བསམ་གླིང་ན་འཛིན་གྲྭ་བཅུ་གསུམ་ཡོད། གཅིག་རྗེས་གཉིས་མཐུད་ངང་གྲྭ་ཚང་རེ་རེ་དང་འཛིན་གྲྭ་རེ་རེའི་ངོས་ནས་ཁོང་མགྱོོགས་མྱུར་དྲག་བསྐྱེད་ཡོང་བའི་སྨོན་འདུན་དང་། སེམས་གསོ། གཟེངས་བསྟོད་སོགས་ཁྱེར་ནས་སྨན་ཁང་དུ་དངོས་སུ་བཅར་ཡོད། ད་དུང་ཉེ་འཁོར་ན་ཡོད་པའི་གྲོང་སྡེ་དང་ཁྱིམ་ཚང་། མི་སྒེར་རེ་རེའི་ངོས་ནས་དེ་བཞིན་སྨན་ཁང་དུ་ཁོང་ལ་ཐུགས་འཕྲད་བྱེད་དུ་འགྲོ་བཞིན་འདུག སྐབས་དེར་ཁོང་གིས་འཚམས་འདྲི་ཞུ་མཁན་ཡོངས་ལ། མིག་ཆུ་འབྱིན་བཞིན་མལ་ཁྲིའི་སྟེང་ནས་ཅུང་ཙམ་འགུལ་ཏེ། སྐད་མགོ་གསལ་ལ་མི་གསལ་བའི་ངང་། “ཁྱེད་ཚོར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། གལ་སྲིད་ང་དྲག་བསྐྱེད་བྱུང་བའི་གོ་སྐབས་ཤིག་ཡོད་ན། ཁྱེད་ཅག་གིས་ང་ལ་གནང་བའི་འཚམས་འདྲི་དང་ཆེ་བསྟོད་འདི་དག་འཕྲོ་བརླག་ཏུ་མི་གཏོང་བར་ངས་སླར་ཡང་བོད་མི་རིགས་ཀྱི་ཆེད་དུ་འབུལ་རྒྱུ་ཡིན། ང་ཚོས་སྟོབས་ཤུགས་གཅིག་ལ་བསྒྲིལ་དགོས། འདི་ནི་ཁྱེད་ཅག་གི་སེམས་ལ་ཟུངས” ཞེས་གསུངས་འདུག་པ་སྨན་ཁང་དུ་བཅར་མཁན་དག་གི་ངག་ནས་དངོས་སུ་ཐོས།
གསལ་འདེབས་བྱེད་རྒྱུ་ཞིག་ལ། སྐབས་དེར་ང་དགོན་པ་དང་ཁ་བྲལ་ནས་གང་འཚམ་ཕྱིན་འདུག རྒྱུ་མཚན། ཕྱི་ལོ 2008/4/9 ཉིན་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཤིག་བླ་བྲང་དགོན་པར་འབྱོར་བ་རེད། སྐབས་དེར་ང་དང་ངའི་གྲོགས་པོ་འགས་སྣེ་ཁྲིད་དེ་གསར་འགོད་པའི་མདུན་དུ་བོད་མིའི་དངོས་ཡོད་ཀྱི་དཀའ་སྡུག་ངོ་སྤྲོད་བྱེད་ཆེད་ལས་འགུལ་སྤེལ་བ་ཡིན། འོན་ཀྱང་ངོ་རྒོལ་གྱི་སྣེ་ཁྲིད་པ་ཡིན་པའི་ང་དང་ངའི་གྲོགས་པོ་ཚོར་གསར་འགོད་པའི་མདུན་ནས་དངོས་སུ་འཛིན་བཟུང་བྱེད་ཐུབ་མེད། དེའི་སྟབས་ཀྱིས་ང་ཚོ་དགོན་པ་དང་ཁ་བྲལ་ནས་ལོ་གཅིག་ཡས་མས་ཤིག་ལ་རྫ་ལུང་དང་རི་ལུང་བཙན་ས་དག་ཏུ་སྦས་སྐུང་བྱས་པའི་གོ་སྐབས་ཐོབ་པ་རེད།
དུས་ཚོད་དེའི་ནང་དུ་ཨ་ཁུ་འཇིགས་མེད་ཀྱི་སྐོར་དངོས་སུ་ཤེས་ཐབས་མེད་ཀྱང་། ཁོང་གི་དགེ་ཕྲུག་དང་གྲོགས་པོ་ཚོས་ངའི་སྤུན་མཆེད་གཙོས་འབྲེལ་ཡོད་དག་བརྒྱུད་ནས་བསྟུད་མར་གོ་ཐོས་ཡོང་གི་ཡོད། འདི་ནས་བཟུང་ངས་ཀྱང་ཨ་ཁུ་འཇིགས་མེད་མགོ་རིལ་ལགས་ལ་ངེས་དོན་གྱི་དཔའ་བོ་ཞེས་པའི་མིང་འབོད་ཞུ་རྒྱུ་ཡིན། གོང་དུ་གླེང་ཙམ་བྱས་པ་ལྟར་ངེས་དོན་གྱི་དཔའ་བོ་ཁོང་གིས་ཁྲི་མུན་བཙོན་ཁང་ནས་དམག་མི་ཚོའི་གདོང་ལ་བལྟས་ནས་སྐད་ཆ་ཇི་ལྟར་བཤད་པ་དང་། ནང་མི་སྤུན་མཆེད་གཙོས་མི་དམངས་རྣམས་ལ་ཁས་ལེན་ཇི་ལྟར་བྱས་པ་བཞིན་དངོས་སུ་ལག་ལེན་ལ་བསྟར་གནང་བ་རེད། དེ་ནི་མི་རང་དགར་བ་ཞིག་གིས་བློ་ཐག་ཆོད་པ་ཞིག་གཏན་ནས་མིན། དངོས་སུ་ཚེ་སྲོག་གཏའ་མར་བཞག་པ་རེད། བོད་དོན་ལ་ཅུང་ཙམ་དོན་གཉེར་ཡོད་པ་ཞིག་ཡིན་ཕྱིན་འདི་ཙམ་མི་མཁྱེན་པ་ག་ལ་སྲིད་མོད། ཁོང་བཙོན་གྲོལ་ཐོབ་པ་དང་སྨན་ཁང་ནས་སྐུ་གཟུགས་སླར་གསོ་ཐུབ་པའི་རྗེས་དེ་མ་ཐག་ཏུ་ཆེས་གྲགས་ཆེ་བའི་བརྙན་ཐུང་སྐར་མ་ཉེར་གཉིས་ཅན་ཞིག་འཛམ་གླིང་དུ་བཀྲམས་པ་རེད། དེ་ནས་བཟུང་དངོས་གནས་ངེས་དོན་གྱི་དཔའ་བོ་ཁོང་གི་མི་ཚེ་མཐར་ཕྱིན་པའི་གོ་སྐབས་ཡོད་ཚད་བོད་དོན་ལ་ཕུལ་ཚར་བ་རེད།
ཆེས་གྲགས་ཆེ་ལ་དོན་སྙིང་ལྡན་པའི་བརྙན་ཐུང་དེ་ས་གནས་བླ་བྲང་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་གསང་བའི་སྒོ་ནས་ཁྱེར་བ་དང་། དེ་ནས་རིམ་པར་འཛམ་གླིང་ལ་ཁྱབ་སོང་། ངེས་དོན་གྱི་དཔའ་བོ་ཨ་ཁུ་འཇིགས་མེད་མགོ་རིལ་ལགས་རེ་ཞིག་ཉེན་ཡོལ་དུ་ཕེབས་གཏན་ཁེལ་ཡོད། སྐབས་དེར་ཁོང་གི་ཨ་མ་ལགས་ལ་མཇལ་འཕྲད་གནངས། དེ་ནི་ཨ་མ་དང་ཁ་འབྲལ་ལ་ཉེ་བའི་མཚན་ལྗོངས་ཤིག་རེད་འདུག སྐབས་དེར་ཨ་མས་འདི་ལྟར་གསུངས་སོང་། “ལས་དོན་དེ་ནི་ཁྱེད་ཀྱི་དོན་དུ་མ་ཡིན་ལ། འུ་ཚང་གི་དོན་དུ་དེ་ལས་ཀྱང་མ་རེད། དེ་ནི་བོད་ཆོལ་ཁ་གསུམ་གྱི་དོན་དུ་ཡིན་པས་ངས་སེམས་ཁུར་བྱེད་ཀྱི་མེད། སེམས་ཁུར་བྱས་པ་ཡིན་ན་ཁྱེད་ཀྱི་བྱ་བ་ལ་བར་ཆད་བྱེད་རྒྱུ་རེད་བསམས་ནས། ངས་བླ་མ་དཀོན་མཆོག་ལ་སྐྱབས་འཇུག་ཞུ་རྒྱུ་ལས། སེམས་ཁུར་བྱེད་ཀྱི་མེད། སེམས་ཁུར་བྱས་ན་ཕན་ཐོགས་ཀྱི་མ་རེད”ཅེས་སོགས་གསུངས།
དེ་ལྟར་ཡིན་ཡང་ངེས་དོན་གྱི་དཔའ་བོ་ཁོང་གིས། “རང་དབང་མེད་པའི་བཙོན་འོག་ན་གནས་ཡོད་པའི་མི་རིགས་འདིའི་དཀའ་སྡུག་བསམ་བཞིན། ངས་མིག་ཆུ་ཁོག་ལ་བཞུར་བཅུག་ནས་འདུག་རྒྱུ་ལས་གཞན་བྱ་ཐབས་ཟད། འདི་ལྟ་བུའི་སྐྱོ་གདུང་གི་སྡུག་བསྔལ་མྱོང་བཞིན་པ་ནི། བོད་ཁམས་ཀྱི་ས་ཕྱོགས་གང་སར་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཞིག་ལས། ངེད་མ་བུ་གཉིས་གཅིག་བུར་ཕྲད་པ་ཞིག་ག་ལ་ཡིན།”ཞེས་རང་ཉིད་ལ་སེམས་གསོ་བྱས། འདི་ནི་ངེས་དོན་དཔའ་བོ་ཁོང་གིས་བྲིས་པའི «དཀའ་སྡུག་གི་ཟིན་ཐོ»རུ་བཀོད་ཡོད།
ང་དང་ངའི་འཐབ་གྲོགས་འགའ་ཞིག་ལོ་གཅིག་ཡས་མས་ཤིག་ལ་རི་དྭགས་ནང་བཞིན་རྫ་ལུང་དང་རི་ལུང་ནས་འཚོ་བ་བསྐྱལ་ཞིང་མཐར་ཕྱི་ལོ 2009/5/10 ཉིན་བོད་ཀྱི་རྒྱལ་ས་གཉིས་པར་གྲགས་པའི་རྡ་རམ་ས་ལརའབྱོར་སོང་། འདི་ནས་བཟུང་བོད་ནང་དུ་འབྲེལ་བ་བྱེད་རྒྱུར་ཤིན་ཏུ་དཀའ་ལ། ལྷག་པར་དུ་ཆབ་སྲིད་དང་ཆབ་སྲིད་ཀྱི་མི་སྣ་དང་འབྲེལ་བའི་ལས་དོན་ཁག་ལ་རྒྱུས་ལོན་བྱེད་རྒྱུ་དེ་བས་ཀྱང་དཀའ། མི་ལོ་འདི་དག་གི་ནང་དུ་ངེས་དོན་གྱི་དཔའ་བོ་ཁོང་དང་འབྲེལ་བའི་རླབས་ཆེན་གྱི་བྱ་བཞག་ཤིན་ཏུ་ནས་མང་བོ་ཡོད་པ་སྨོས་ཅི་ལ་དགོས། རྒྱ་གཞུང་གིས་འཛིན་བཟུང་ཐེངས་བཞི་བྱས་པའི་བཙོན་མཇུག་མཐའ་མ་དེ་ཕྱི་ལོ་ 2011/8/20 ཉིན་རེད། སྐབས་དེར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལོ་གསུམ་རིང་ཁྲིམས་བཤེར་སོགས་གང་ཡང་མེད་པར་བཀག་ཉར་བྱས་ཡོད་པ་དང་། མཐར་ཕྱི་ལོ་ 2014/8 པའི་ནང་ཀན་སུའུ་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ 5 ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག་ལ། བཙོན་འཇུག་གི་དུས་ཡུན་དེའི་ནང་དུ། ཁོང་གི་ཨ་མ་ལགས་ལ་སྙིང་ནད་ཕོག་ནས་གྲོངས་ཟིན་པ་དང་། ཁོང་ལ་གཅར་རྡུང་དང་མནར་གཅོད་དྲག་པོ་བཏང་རྐྱེན་སྨན་ཁང་དུ་བསྐྱལ་དགོས་བྱུང་། ཕྱི་ལོ་ 2016 ལོར་ཡང་སྐྱར་བཙོན་ཁང་ནས་ལན་ཀྲིག་ཊཱ་ཞ་ཕིན་ཟེར་བའི་བཙོན་ཁང་གི་སྨན་ཁང་ནང་ཁྲིད་པའི་རྗེས་སུ། ཕྱི་ལོ་ 2016/10/26 ཉིན་བཙོན་གྲོལ་བཏང་བ་རེད། ཁོང་ལ་དགོན་པ་དང་དེའི་ཉེ་འཁོར་ན་གདེངས་འཇོག་ཆེན་པོ་ཡོད་པ་ཤེས་ནས་གསང་བའི་སྒོ་ནས་མཚན་མོ་ཞིག་ལ་གློད་གྲོལ་བྱས་པའི་ཁར། ས་གནས་གཞན་ལ་འགྲོ་བསྐྱོད་མི་ཆོག་པ་མ་ཟད་དགོན་པར་ཡང་འགྲོ་མི་ཆོག་པ་དང་། མཐའ་ན་གཟན་ཤམ་ཡང་གྱོན་མི་ཆོག་པའི་བཙན་བཀའ་བཏང་། དེ་བས་ཀྱང་ཚབས་ཆེ་བ་ནི་སྐུ་གཟུགས་ཡོད་ཚད་བདེ་ཐང་ཡིན་པའི་ངེས་དོན་གྱི་དཔའ་བོ་ཁོང་། བཙོན་གྲོལ་ཐོབ་རྗེས་བཅོས་ཐབས་མེད་པའི་ནད་རྟགས་མང་བོ་ཐོན་འདུག གཅིན་སྙི་དང་ཁྲག་ཤེད་མཐོ་བའི་ནད། དུས་ངེས་མེད་ལ་མིག་ནང་ཁྲག་ཐོན་ཏེ་གསལ་བར་མི་མཐོང་བ་དང་། སྐབས་རེར་དྲན་ཤེས་ཉམས་པ་སོགས་ཀྱི་ནད་རྟགས་ཀྱང་ཡོང་གི་ཡོད་འདུག སྔར་མེད་ནད་ཚ་དེ་དག་ཟླ་ནས་ལོ་མཐུད་ཀྱིས་སྨན་བཅོས་རིམ་པར་བྱས་ཀྱང་ཕན་འབྲས་མ་ཐོན་པའི་ཁར། ཉིན་རེར་ཇེ་སྡུག་ནས་ཇེ་སྡུག་དང་ཛ་དྲག་གི་ངོ་བོར་གྱུར། ཆེས་མཐའ་མའི་སྨན་བཅོས་ནི་ཟི་ལིང་གྲོང་ཁྱེར་དུ་ཕེབས་འདུག་ཀྱང་སྔར་བཞིན་གསོ་བསྐྱེད་མ་བྱུང་།
ད་ནི་རླབས་ཆེ་བའི་དཔའ་རྒོད་ཁོང་མི་འགྱངས་པར་སྐུ་གཤེགས་པར་གཏན་ཁེལ་བ་རེད་འདུག སྨན་ཁང་ནས་སྐུ་གཟུགས་གསོ་ཐབས་མེད་པའི་ཐག་གཅོད་བྱུང་རྗེས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པར་གཟིམ་ཆུང་མཇལ་ཁ་ཞུས་ཡོད། དེ་ནི་ཕྱི་ལོ་2022/6/14 ཉིན་མོ་རེད། དེ་རིང་ཞོགས་པར་ངས WhatsApp བརྒྱུད་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པ་དང་། ཨ་ཁུ་འཇིགས་མེད་ལགས་ཀྱི་ཤག་གི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ལགས་དང་མཉམ་དུ་གླེང་མོལ་བྱེད་པའི་གོ་སྐབས་བྱུང་སོང་། ཁོང་གི་གསུངས་དོན་ལ། “རྒན་དམ་པ་ཨ་ཁུ་འཇིགས་ལགས་སྐུ་གཤེགས་པར་གཏན་ཁེལ་བྱུང་ནས་རང་ཁྱིམ་ཕུག་སྡེ་ལ་འབྱོར་ཡོད། དེ་ནས་བཟུང་མི་མངོན་པའི་ཚུལ་དུ་བླ་བྲང་གི་ས་གནས་ཁག་ཏུ་དམག་མི་འགྲེམ་འཇོག་བྱས་ཡོད་པ་མ་ཟད། ཕུག་སྡེ་གྲོང་ཚོའི་ལུང་མདོ་རུ་ཧ་ཅང་ཛ་དྲག་དང་དོགས་ཟོན་ཆེན་པོའི་སྒོ་ནས་བསང་ཆུ་རྫོང་གི་རྫོང་དཔོན་ཡང་ཉིན་ཤས་རང་དེ་གར་དངོས་སུ་བསྡད་འདུག་པ་འབྲེལ་ཡོད་མང་བོས་མཐོང་བ་དངོས་གནས་རེད་འདུག མི་གཅིག་གིས། གནས་ཚུལ་དེའི་སྐོར་ཨ་ཁུ་འཇིགས་མེད་ལ་ཆ་ཚང་ཞུས་ཡོད་པ་དང་། སྐབས་དེར་ཨ་ཁུ་འཇིགས་མེད་ཀྱི་སྐད་ཆ་ཅུང་ཙམ་བཤད་ཐུབ་ཀྱི་ཡོད། རྒན་དམ་པ་ཨ་ཁུ་འཇིགས་ཀྱིས། “དེ་ཡིན་ནི་རེད། ང་སྟག་འདྲ་བ་ཞིག་ཡིན་པ་ཁོང་ཚོས་ཤེས་ཀྱི་ཡོད་སྟབས་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ང་ཁྱི་འདྲ་བོ་ཞིག་ཡིན་ན་ཁོང་ཚོ་གཏན་ནས་ང་ལ་དོགས་ཟོན་བྱེད་དུ་འདིར་ཡོང་གི་མ་རེད”ཅེས་གསུངས་འདུག་པ་ཨ་ཁུའི་མདུན་དུ་ཡོད་པ་ཞིག་གི་ཞལ་ནས་དངོས་སུ་ཐོས”ཞེས་འགྲེལ་བརྗོད་གནང་སོང་། གཅིག་བྱས་ན། གནས་ཚུལ་འདིའི་འོག་ནས་ཨ་ཁུ་འཇིགས་མེད་ཕྱི་ལོག་ཏུ་བྲོས་འགྲོ་བར་དོགས་པ་དང་། ཡང་ན། ཨ་ཁུ་འཇིགས་མེད་ཀྱི་ཛ་དྲག་གི་གནས་སྟངས་ཡོངས་ཁྱབ་ཏུ་གྱུར་ན་ཡང་སྐྱར་ངོ་རྒོལ་སྐད་འབོད་བྱེད་རྒྱུར་འཇིགས་པས་ཀྱང་ཡིན་སྲིད།
ཤིན་ཏུ་དམ་དྲག་དང་དོགས་གཟབ་ཆེན་པོའི་འོག་ནས་ཕྱི་ལོ 2022/7/2 ཉིན་རླབས་ཆེ་བའི་ངེས་དོན་གྱི་དཔའ་བོ་ཨ་ཁུ་འཇིགས་མེད་ལགས་ཀྱི་སྐུ་ཚེའི་འཕེན་པ་རྫོགས་སོང་། ཤག་གི་དགེ་ཕྲུག་ཡིན་པ་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་ཨེ་ཤ་ཡའི་རང་དབང་བརྙན་འཕྲིན་ནང་དུ་བློ་ཐག་བཅད་ནས་འདི་ལྟར་གསུངས་སོང་། “ང་ཁོང་ལ་ཧ་ཅང་རྒྱུས་མངའ་ཡོད་པས་སྔར་ནད་ཚ་ཅི་ཡང་མེད་པའི་ཁར་སྐུ་གཟུགས་ཚང་མ་བདེ་ཐང་ཡིན། འོན་ཀྱང་བཙོན་གྲོལ་ཐོབ་པའི་རྗེས་སུ་འདི་ལྟར་གྱུར་བ་ནི་རྒྱ་གཞུང་གིས་དངོས་སུ་བསད་པ་མིན་ཡང་ཐབས་ཇུས་ཀྱིས་བསད་པ་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད”ཟེར། ཁོང་གི་བློ་ཐག་རྦད་ཆོད་ཀྱིས་ངོས་འཛིན་འདི་དག་ལ་བདག་གིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། རྒྱུ་མཚན། ང་ཚོ་ཚང་མར་གཅིག་མཐུན་གྱི་མྱོང་བ་ཞིག་ཡོད། དེ་ཡང་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཐོག་ནས། ང་ཚོའི་ཕ་ས་ཕ་ཡུལ་བཙན་འཕྲོག་ཟིན་པའི་རྒྱ་ནག་དམར་པོའི་གཞུང་ལ་ཆེས་ཤིན་ཏུ་རྒྱུས་མངའ་ཆེ་བ་དེ་ཡིན། པཎ་ཆེན་སྐུ་འཕྲེང་བ་བཅུ་པ་དང་གུང་ཐང་བསྟན་པའི་དབང་ཕྱུག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སོགས་རྒྱ་གཞུང་གིས་ཇི་ལྟར་བཀྲོངས་པ་སོགས་ཆེས་ཡོངས་སུ་གྲགས་པ་དེ་ལྟར་ལགས་པས་ངེས་དོན་གྱི་དཔའ་བོ་བླ་བྲང་ཨ་ཁུ་འཇིགས་མེད་ལགས་ཀྱང་དེ་ག་རང་དུ་ངོས་འཛིན་ཞུ་རྒྱུ་ཡིན།
ད་དུང་རྒྱ་དམག་དང་ཉེན་རྟོག་པས་མུ་མཐུད་ནས་དམ་དྲག་བྱེད་བཞིན་འདུག ཕྱི་ལོ 2022/7/7 ཞོགས་པའི་སྐྱ་རེངས་ཤར་བ་དང་མཉམ་དུ་ངེས་དོན་གྱི་དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཆེད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུར་ཁྲོད་དུ་གདན་འདྲེན་གནང་སོང་། “མེ་ལྕེ་དམར་པོ་ལྷབ་ལྷབ་ཏུ་འབར་བཞིན་པའི་འོད་སྣང་དེ་ཡིས་བོད་ཡུལ་གྱི་མུན་པ་སེལ་བར་ཤོག བདེན་པ་འབར་བཞིན་པའི་འོད་ཀྱི་ཕུང་བོ་ཆེན་པོ་དེས་རྫུན་པའི་འཇིག་རྟེན་མཐའ་དག་འཚིག་པར་ཤོག” འདི་ནི་རྩོམ་ཡིག་འབྲི་བ་བོའི་བདག་གི་མཐའ་མཇུག་གི་སྨོན་འདུན་ཡིན།
ཕྱི་ལོ 2022/7/11 ཉིན་གྱི་དགོང་མོར་དུར་བྱང་ཞེས་འབོད་པས་ཨོ་གླིང་རྒྱ་མཚོ་ཆེན་པོའི་མཚོ་འགྲམ་ནས་མཇུག་རྫོགས་པར་བྱས་སོ།།

Leave a Reply