རི་ཁའི་གངས་ལྷ་མེ་ཏོག

ར་རྫ་འཇམ་དབྱངས་སྐྱིད།

གཅིག ཐོག་མའི་འཆར་སྣང་།

<<པདྨ་མཚོའི་འགྲན་རྩོད>>ཅེས་པའི་བྱིས་སྒྲུང་འདི་ཀློག་དུས། ངའི་སེམས་ལ་ཐོག་མར་འཁོར་ཡོང་བ་ནི། གདུག་རྩུབ་ཆེ་བའི་ཁོར་ཡུག་ཅིག་ཏུ་ཁ་ཆར་བུ་ཡུག་དང་ཙག་རླུང་སེར་གསུམ་གྱིས་ཀྱང་མི་ཚུགས་པའི་གངས་ལྷ་མེ་ཏོག1རྐང་གཅིག་གོ། དེ་དང་བསྟུན་ནས་ལྗོངས་འདིར་ཡང་ཕྱིའི་པགས་པ་དང་བཟོ་ལྟ་རྐྱང་ལ་དང་དོད་ཆེ་བ་མ་ཡིན་པའི་ནང་བསམ་བློ་དང་གཤིས་ཀ་ཅན་གྱི་སྨན་བུ་མོ། གངས་ལྷ་མེ་ཏོག་གི་སྐྱེ་བ་བླངས་པ་ལྟར་ལྷུག་པར་རྒྱས་ཤིང་འཛུམ་མུར་བཞད་དེ་ཡུལ་འདི་གང་བར་གྱུར་ན་ཅི་མ་རུང་བསམ་བྱུང་།

གཉིས། སྒྲུང་གཏམ་གྱི་གཞུང་ལ་འཇུག་པ།

གཏམ་རྒྱུད་འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་བུ་མོ་པདྨ་མཚོ་ནི། སྤྱིར་སྲོལ་རྒྱུན་གྱི་བག་ཆགས་ཚང་ཚིང་གཡུ་ལོ་ལྟར་རྒྱས་པའི་འབྲོག་སྡེ་ཞིག་ཏུ་སྐྱེས་པ་ཡིན་ནའང་སྟབས་ལེགས་པ་ཞིག་ལ། མི་ཁྱིམ་དེར་བུ་མོ་གཅིག་རང་ལས་མེད་པས་ཕ་མ་རྣམ་གཉིས་དང་གཅེན་པོ་ཚོའི་དམིགས་བསལ་གྱི་བྱམས་སྐྱོང་འོག་ཏུ་ཁོ་མོ་ལུས་སེམས་བདེ་ཐང་ངང་འཚར་བཞིན་ཡོད། ལྟོས་བཅས་སུ་རང་དབང་ཡོད་པའི་ཁྱིམ་ཚང་གི་ཁོར་ཡུག་ཆུང་ཆུང་དེ་རུ་ཁོ་མོ་རང་གི་ཕུ་བོ་གསུམ་པོ་དང་མཉམ་དུ་རི་མཐོ་ལ་ས་གཙང་བ། ཆུ་བཟང་ལ་མེ་ཏོག་རྣམ་པར་བཀྲ་བ་གོས་ཆེན་ཐང་ལ་བཏིང་འདྲའི་རྩྭ་ཐང་དུ་རྩེད་མོར་གཡེང་གིན་རྟ་ལ་ཞོན་གྱིན་བྱིས་དུས་སྐྱེལ། གནས་སྟངས་དེ་འདྲའི་འོག་ནས་པདྨ་མཚོ་ལ་ག་ལེར་ཡིད་ཆེས་དང་སྤོབས་པ། སྐྱ་རྩལ་དང་ཕུགས་འདུན་རྒྱས། དེ་བས། རང་གཤིས་མེད་པའི་ལུང་པའི་བུ་མོ་གཞན་གྱི་སེམས་ལའང་དྲན་མི་ཕོད་པའི་དྲན་ཚུལ་ཞིག་ཁོ་མོའི་རྒྱུད་ལ་སྐྱེས། སྐྱེས་པས་མི་ཚད་ངག་ནས་ཐོན། འཕྲལ་གྱི་རྐྱེན་དེར་ཕུགས་ཀྱི་རྒྱུ་ཞིག་ལོས་ཡོད་དེ། ཡིན་ངོ་མ་ནི། ཁོ་མོའི་སྒེར་གཤིས་ལ་འབུར་འཇོམས་དང་དགའ་ཕྱོགས་ལ་ཁྱད་གསོད་མ་བྱས་པའི་རྐྱེན་གྱིས་བློ་ཁ་རྒྱས་ཤིང་ཕུགས་འདུན་སྲུང་ཐུབ་པ་བྱུང་བ་ཡིན། རྟ་རྒྱུག་རྟིང་རྩོད་ལ་ཞུགས་པའི་དྲན་ཚུལ་དེ་འདྲ་ནི་རྟ་རྒྱུས་དང་རྟ་རྩལ་མེད་པ་ཞིག་གི་བསམ་པའི་རྒྱུད་ལའང་འཆར་ག་ལ་ཐུབ། གལ་སྲིད་སྨན་ཆུང་པདྨ་མཚོ་ང་ནང་བཞིན་ཅང་ཤེས་རྟ་ཕོའི་སྒལ་པར་ཡང་བུད་མྱོང་མེད་མཁན་ཞིག་ཡིན་ཚེ2། རང་སྣང་གང་ཤར་གྱི་གདེང་ཚོད་ལྡོམ་པོ་ཞིག་སྐྱེ་མི་སྲིད། སྐྱེས་རུང་དེ་ནི་མེ་མདའི་ཚ་ཁ་མ་སྦྱངས་པར་ཐད་ཀར་གཡུལ་ལ་ཞུགས་པ་ལྟར་དུ་ཁ་ཆག་སྣ་རུལ་དུ་འགྲོ་རྒྱུ་ལས་འོས་མེད། བྱ་བ་གང་ཞིག་ལ་འཇུག་པར་སྔོན་འགྲོའི་སྟ་གོན་མེད་དུ་མི་རུང་། དེ་ནི་བུ་མོ་གཅིག་པུ་མ་ཡིན་པས་ཕོ་མོ་གཉིས་ལ་རིས་མེད་དུ་ཁྱབ།

མ་འགྲུབ་པའི་ཕུགས་འདུན་ཞིག་སྦྲུམ་བཞིན་པདྨ་མཚོ་ལོ་ན་བཅུ་གཅིག་ལ་སོན། སྐབས་དེར་སོ་སོའི་ལུང་པར་རྟ་རྒྱུག་འགྲན་བསྡུར་ཞིག་བསྡུ་འཆར་ཡོད་པ་ཤེས་ནས་ཕ་མ་གཉིས་ལ་རང་གི་འདོད་འདུན་ཇི་བཞིན་དུ་ཞུས། ཡར་ཀླུང་ཁོག་ཏུ་བསྡད་ན། ཡར་ལྷ་ཤམ་པོར་བསྟུན་དགོས་ཞེས་པའི་དཔེ་ལྟར། ཕ་མ་གཉིས་ཀྱིས་དོན་དེ་ཐག་མ་ཆོད་པར་གཉེན་མི་དང་འབྲེལ་ཡོད་སྐོར་ཞིག་ཁྱིམ་དུ་བསུས་ཤིང་སྟོན་མོ་བཤམས་ཏེ་གྲོས་ཁ་བསྡུར་རུང། པདྨ་མཚོ་རྟ་རྒྱུག་ལ་ཞུགས་ན་བུ་མོ་གཞན་པར་མིག་དཔེ་ངན་པ་བསྟན་ཏེ་ཡུལ་སྲོལ་བརླག་འགྲོ་ཞེས་ཁོ་ཚང་ལ་ངོ་སོ་གང་ཡང་མ་བྱིན། རང་གི་སྲིང་ཆུང་མའི་བསམ་དོན་འགྲུབ་ན་བསམ་གྱིན་ཡོད་པས། ཁོ་མོར་ཕོ་ཆས་སྤྲས་ཤིང་བུ་ཚར་བརྫུས་ནས་རྟ་རྒྱུག་ལ་ཞུགས་པའི་གྲོས་གཞི་ཞིག་བཏོན་མོད། རྩིས་ཐང་ཅན་གྱི་པདྨ་མཚོ་ཡིས་རང་གི་ཕུ་བོ་ཚོར་བཀའ་དྲིན་ལེགས་སོ་ཞུས་རྗེས་གྲོས་དེར་ཡིད་འཐད་མ་བྱུང། བསམ་ཚུལ་དེ་ཁུངས་ཐུབ་པ་ཞིག་ཡིན་མིན་ཅི་ཆ། ཧྭ་མུའུ་ལན3གྱིས་ཕོ་ཆས་སྤྲས་ཏེ་དམག་ལ་ཞུགས་པར་ཕྱོགས་ཡོང་གི་འཐབ་གྲོགས་ཚོར་རྒྱུས་མངའ་མེད་ན་ཡང། ཕྱིས་སུ་རྫུན་རྐུབ་བརྡོལ་ནས་བུ་མོའི་ལུས་ཡིན་པ་ཤེས་སོང་བ་མིན་ནམ། གལ་ཏེ་པདྨ་མཚོས་ཕོ་ཆས་གྱོན་ནས་རྟ་རྒྱུག་ལ་ཞུགས་ཚེ། སྡེ་བ་ཚོ་བ་གཅིག་པའི་ལྟད་མོ་བ་དག་གིས། མཛུབ་ཀེར་སྟོན་བཞིན་ཆ་རྒྱུས་མེད་པའི་བུ་ཚ་གན་སུ་ཚང་གི་རེད། ཅེས་ལ་འདྲི་ལུང་འདྲི་ཕ་འདྲི་ཕུགས་འདྲི་བྱས་ཏེ་གསང་བ་མི་རྡོལ་ག་ལ་སྲིད། དེ་མིན། ཕོ་ཆས་སྤྲས་ནས་རྟ་རྒྱུག་འགྲན་བསྡུར་ལ་ཞུགས་ཤིང་བྱ་དགའ་ཐོབ་ནའང་། དེ་ནི་སྦས་པའི་དཔའ་མོ་ཞིག་གི་ངང་ཚུལ་ལས་མ་འདས། དེ་ལས་རང་ཚུགས་བརྟན་པོ་རྡོ་རྗེ་བྲག་ལྟར་བཟུང་ཞིང་བུ་མོའི་ལུས་ལ་བརྟེན་ནས་རང་རྩལ་ངོམ་ན་ནི། བང་རྩལ་སྐྱེན་ཞིང་དཔའ་མཛངས་ལྡན་པའི་ཨ་སྟག་ལྷ་མོའི་ནང་བཞིན། དཔའ་མོ་གཟིག་གི་རང་རྟགས་བསྟན་པ་ཡིན། དེས་མི་ཚད། སྐྱེས་མ་རྟ་རྒྱུག་ལ་ཞུགས་པའི་སྲོལ་བཟང་པོ་ཞིག་ཀྱང་བཏོད་པ་མ་ཡིན་ནམ། ཚུལ་དེ་སྨན་ཆུང་པདྨ་མཚོས་ཀྱང་མཁྱེན་འདུག་པས་མང་པོ་ལབ་དགོས་ཡ་མི་འདུག

རུ་སྡེ་ཁྲ་མོ་དེར་རྟ་རྒྱུག་འགྲན་རྩོད་ཀྱི་མགོ་བརྩམས། སྡེ་བའི་སྟག་ཤར་ཚོས་དབུགས་ཁ་འཚུབ་འཚུབ་ངང་ཡུལ་ལུང་གཞན་པའི་བུ་ཕོ་ཚོ་དང་མཉམ་དུ་བསྟུད་མར་ཉིན་གཉིས་ལ་འགྲན་ཀྱང་ཕམ་ཁ་རྐྱང་རྐྱང་ཉོས། མིག་གིས་བལྟས་བལྟས་རིག་རིག་ལ། རུ་སྡེ་གང་དེའི་ལ་རྒྱ་ངོ་སོ་ཁ་ཚང་ཆུ་ལ་སྐྱུར་བཞིན་པ་མཐོང་ནས། སེམས་ཀྱིས་མ་བཟོད་དེ་དབང་ཐང་ཆེ་བ་ཁ་ཅིག་གིས་གྲོས་མགོ་བཏོན་ཏེ་རྒད་པོ་གཉིས་ཆེད་མངགས་ཀྱིས་པདྨ་མཚོ་རྟ་རྒྱུག་ལ་ཞུགས་པའི་སྐད་ཁྱེར་ནས་ཁོ་མོའི་གམ་ལ་འབྱོར། སྤྱིར་དེ་འདྲའི་ཁ་ངོ་སྟེར་བ་དང་ངོ་ཆེན་བཙོངས་དུས་སུ། འུ་ཅག་འཁོས་ཞན་སྐྱེས་མ་ཚོས་ནི་དགའ་བཞིན་སྤྲོ་བཞིན་ཁས་བླངས་ན། ཡུལ་མིའི་འདོད་བློ་དང་ཡུལ་གོམས་གཤིས་ལུགས་དང་ཡང་མཐུན་མོད། པདྨ་མཚོས་དེ་མ་ཐག་ཏུ་ཁས་མ་བླངས། རྗེས་ལ་རང་ཉིད་རྟ་རྒྱུག་འགྲན་རྩོད་ལ་ཞུགས་པའི་ཆ་རྐྱེན་དུ། ཕྱིན་ཆད་བུ་མོ་ཚོ་རྟ་རྒྱུག་ལ་སོགས་པར་ཞུགས་པའི་ལམ་ཁ་མི་འགོག་པ་ཡང་རུ་སྡེ་གང་དེའི་སྣེ་མོ་བ་དག་ལ་ཁས་ལེན་དུ་བཅུག

དང་ཐོག་དབང་འབྱོར་ཆེ་བ་སྐོར་ཞིག་གིས་པདྨ་མཚོའི་རེ་འདུན་ཐེད་དུ་བོར་བར་བྱས། རྗེས་ལ་རི་སྡེ་ཁྲ་མོའི་སྤྱི་དོན་འཐུས་ཤོར་སོང་བ་གང་དེ་གསབ་ཆེད་དུ། ཡུལ་ལུང་གཞན་པའི་རྟ་པ་ཚོ་དང་མཉམ་དུ་སྐྱ་རྩལ་ངོམ་པའི་གོ་སྐབས་པདྨ་མཚོ་ལ་མི་སྤྲོད་རང་སྤྲོད་བྱུང། ཡིན་འདུག བུ་མོ་དང་སྐྱེས་མ་ཚོ་ནི་གཞན་གྱི་ལག་ཆའམ་ཐབས་ལམ་ཙམ་ལས། རང་གི་མི་ཚེའི་རིན་ཐང་ངོམ་པའི་དམིགས་ཡུལ་དུ་མི་འཇོག འདིའང་ང་ཚོ་རྒུད་པའི་རྐྱེན་ཞིག་མིན་ཞེས་སུ་ཡིས་བཤད་ཕོད།

མཐའ་མཇུག བླ་ཆེན་ཞིག་གདན་དྲངས་ཤིང། བླ་མ་གང་དེ་འདུམ་བྱེད་པར་ཕེབས། ཕྱོགས་རིས་མེད་ལ་གཟུར་གནས་ཡིན་པའི་བླ་མ་ཁོང་ཚང་མིན་ན། བུ་མོ་ཞིག་རྟ་རྒྱུག་འགྲན་སྡུར་ལ་ཞུགས་པ་ནི་ལྟས་ངན་ཡིན་ཚུལ་གྱི་གནོན་ཤུགས་དྲག་པོའི་འོག་ཏུ་བླངས་པའི་ཁོ་མོའི་བྱ་དགའ་དེའང་གྲོག་ཁ་ནང་དུ་ཡོང་བ་སྣ་ནང་ནས་ཤོར་བའི་དཔེ་ལྟར་སོང་།

དགའ་འོས་པ་ཞིག་ལ། སྐྱ་རྩལ་བཟང་ལ་ཞུམ་པ་མེད་པའི་ན་ཆུང་པདྨ་མཚོ་གདེང་ཚོད་དང་ལྡན་པོའི་སྒོ་ནས་རྟ་རྒྱུག་འགྲན་སྡུར་ལ་ཞུགས་ཏེ་ཨང་དང་པོ་བླངས་རྗེས། འབྲོག་སྡེ་ཁྲ་མོ་གང་དེའི་ཡུལ་མི་ཚོས་བུ་མོར་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་ཐེབས་མགོ་བརྩམས……

དེབ་འདིའི་རྩོམ་པ་པོ་གཡག་རྒོད་ལགས་ཀྱིས། བསིལ་བའི་ལྗོངས་འདིར་མི་ལུས་བླངས་པ་གཅིག་མཚུངས་ཡིན་རུང་། ལོ་རྒྱུས་ཀྱི་དྲན་པ་དང་ཡུལ་གོམས་གཤིས་ལུགས། རིག་གནས་ཀྱི་བག་ཆགས་སོགས་ཀྱི་དབང་གིས། དུས་ད་ལྟ་ཡིན་རུང་སྐྱེས་མ་ལ་མི་ཡི་གོ་བབ་མེད་ཁར། འཚོ་བ་དང་མདུན་ལམ་ལ་འགལ་རྐྱེན་འདྲ་མིན་བཟོ་བའི་སྣང་ཚུལ་ཁྱད་མཚར་བ་འདི་ལ་དམིགས་ནས། པདྨ་མཚོ་དང་པདྨ་མཚོ་འདྲ་བ་རྣམས་རྟ་རྒྱུག་དང་རྟ་རྒྱུག་མ་ཡིན་པའི་ལས་གང་ལ་འཇུག་པའི་བཀག་རྒྱ་ལས་རྣམ་པར་ཐར་བའི་སྨོན་ལམ་དང་རེ་འདུན་ཡིག་རིས་སུ་ཕབ་པ་ཅི་ལ་མིན། དེ་བཞིན། སྲོལ་རྒྱུན་དུ་སྐྱེས་པའི་ལས་ཀར་ངོས་འཛིན་པའི་རྟ་པ་དང་ལྷ་རིས་པ། མདའ་པ་དང་དམག་དཔོན་སོགས་གང་ཞིག་ཡིན་རུང་། བྱིས་པ་ཆུང་དུས་ནས་རྣ་འཇགས་མིག་གོམས་སུ་སོང་བ་ཡིན་ན་སུས་ཀྱང་མི་ཐུབ་པ་མེད། དེ་ཡང་། སྔོན་ཆད་སྐྱེས་མ་འཇུག་མི་ཆོག་པའི་ལས་རིགས་མང་པོ་ཞིག་ལ་འགྱུར་བ་བྱུང་སྟེ། ད་ཆ་གོ་ལ་རིལ་པོ་འདིར་ཁ་དོག་གཅིག་གིས་བཟུང་བའི་ལས་རིགས་ཤིག་ཧ་ལམ་མེད་པའི་ཚོད་ཡིན་ན། ང་ཚོས་ཀྱང་རང་གི་འདུ་ཤེས་རྙིང་རུལ་དང་ལྟ་བ་གུ་དོག་དེ་ལ་འགྱུར་བ་གཏོང་རན་མི་འདུག་གམ།

པདྨ་མཚོའི་སྒྲུང་གཏམ་འདི་དེ་སྔོན་རང་གིས་བཀླགས་མྱོང་བའི<<གནམ་སྔོན་པོ། ས་སེར་པོ>>ཞེས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དོལ་པོ་ས་ཁུལ་དུ་མིང་ལ་རྣམ་གསལ་ཞེས་པའི་བུ་མོ་ལྷ་རིས་པའི་གཏམ་རྒྱུད་དང་འདྲ་ས་འདུག སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཙོ་བོ་གཉིས་རིགས་རུས་གཅིག་པའི་གྲོང་གསེབ་བུ་མོ་ཆ་གཅིག་ཡིན་པའི་སྟེང་ལ། ཁོ་མོ་གཉིས་ལ་ཁྱིམ་མིའི་རྒྱབ་སྐྱོར་ཡོད་པའི་འོག་ཏུ་རང་ཉིད་ཀྱིས་ཀྱང་བྱ་ཟིན་ཉ་ཟིན་གྱི་ལས་མ་ཡིན་པར་དགའ་ཕྱོགས་གང་དེ་རྒྱུན་སྐྱོང་བའི་མོད་ལ། མཐའ་མར་རེ་དོན་འགྲུབ་སྟེ་ལམ་ལྷོངས་བྱུང་བ་ཞིག་ཡིན་འདུག

མི་ལ་ངར་ཤུགས་དང་སེམས་ཤུགས་སྐྱེད་པའི་བདེ་ཐང་གི་བརྩམས་ཆོས་འདི་རིགས་ཀྱིས་སྤྱིར་ཀུན་ལ་ཕན་ཞིང་། སྒོས་སུ་ལོ་ཆུང་བུ་མོ་དག་ལ་ཕན་པར་ངེས་ན། དེ་ནི་ཁྱིམ་རྒྱུད་ཅིག་གི་ལས་དབང་ལ་འགྱུར་བ་གཏོང་བའི་གྲོགས་ཤིག་ཏུ་འགྲོ་བར་ཐེ་མི་ཚོམ།

གསུམ། སྒྲུང་གཏམ་འདིའི་མ་འདང་ས་ཅུང་ཟད་བརྗོད་པ།

བྱིས་སྒྲུང་འདིའི་བརྗོད་བྱའམ་ནང་དོན་ནི་གོང་དུ་ཞུས་པ་ལྟར་དུ་ལེགས་མོད་ཀྱང། རང་གིས་བལྟས་ན། མ་འདང་ས་ཡང་ཅུང་ཟད་རེ་འདུག་འདོད། དེ་ཡང་། རི་མོའི་ཚོས་གཞི་བཀྲག་མདངས་ཆེ་ན་ཡང་ཉམས་འགྱུར་དང་གསོན་ཤུགས་མེད་པར་ཤ་ངེ་ཤིང་ངེ་ཡིན་ཞིང་། རི་མོས་གང་ཞིག་གི་དྲན་འཆར་གྱི་གཤོག་ཟུང་ཡངས་མོར་རྒྱང་དུ་འཇུག་ཐུབ་པ་ཞིག་ཏུའང་མ་མཐོང་། བརྩམས་པའི་ཡི་གེར་དག་ཆ་ལྡན་ན་ཡང་ཚིག་ལ་སྙན་ཆ་མཉེན་ཤ་མེད་པར་དྲ་ངེ་དྲང་ངེ་ཞིག་ཏུ་མཐོང། དེ་མིན། བྱིས་སྒྲུང་གི་མཚན་ཉིད་ཚང་མིན་ཡང་དེ་ལ་རྒྱུས་མངའ་མེད་པའི་ང་རས་བཤད་ཐབས་བྲལ། དེ་ལྟར་ཡན་ལག་གི་ཞན་ཆ་ཡོད་པ་བདེན་མོད་ཀྱང་རྩ་བའི་ཆ་ནས་ཤིན་ཏུ་ལེགས་ཏེ། སྐྱེས་མའི་མཐོང་སྣེ་ནས་འཚོ་བའི་རང་མདངས་བརྗོད་པའི་སྒྲུང་ཡག་པོ་ཞིག་རེད།

བཞི། རྗེས་ལུས་ཐམས་ཅད་ཀྱི་རྩ་བ་ནི་རྨོངས་པའོ། །

འུ་ཅག་རྨོངས་པ་དང་མ་རིག་པས་ཀུན་ནས་བསྒྲིབས་པའི་རྐྱེན་གྱིས། རིགས་དང་རུས་པ་གཅིག་པའི་རང་རེའི་སྐྱེས་མ་ཚོ་ཡར་འཕེལ་འབྱུང་བར་འགོག་རྐྱེན་དང་གནོད་པ་འདྲ་མིན་རྟག་པར་བཟོ་གི་ཡོད། དེ་ལྟར་རྒྱུ་ནག་པོ་མང་པོ་བསགས་པས་མི་རིགས་འདིའི་ཕྱེད་ཀ་ཟིན་པའི་སྐྱེས་མ་ཕལ་མོ་ཆེར་ལམ་ལྷོངས་འབྱུང་གི་མེད། རྗེས་ལུས་ཐེབས་པའི་དོན་དེ་ཚང་མས་ཁ་གཅིག་གྲག་གིས་ཁས་ལེན་གྱི་ཡོད་མོད། འོན་ཀྱང་སྐྱེས་མའི་ཐོབ་ཐང་ནི་རྩོད་རྒྱུ་ཞིག་མིན་ལ། འཐོབ་རྒྱུ་ཞིག་དེ་བས་ཀྱང་མིན། ཞེས་བྱུང་རྒྱལ་དུ་སྨྲ་བ་སྔར་བཞིན་མང་། དེ་ནི་མ་ཤེས་ཤེས་མདོག་དང་གླེན་པའི་རང་རྟགས། གནས་ལུགས་དང་བདེན་པར་རྡོག་བརྫིས་གཏོང་མཁན་བླུན་པོ་ལྕགས་ཀྱི་གདོང་ཅན་དག་གི་སྐད་ཆ་ཡིན་པས་ན། རང་སོར་བསྐྱུར་རྒྱུ་ལས་འོས་མེད། ཡང་ཅིག་བསམ་དུས། སྐྱེས་མ་དམྱལ་ཁམས་བཅོད་བརྒྱད་དང་ངན་སོང་དུ་སྐྱེ་ན་བསམ་མཁན་དེ་ཚོའང་། ཐོག་མར་མ་དྲིན་མོ་ཆེ་ཞིག་གི་མངལ་དུ་ཆགས་ཤིང་འདོམས་ནས་སྐྱེས། ནུ་ཞོས་གསོས་ཤིང་གཅིན་སྐྱག་ཏུ་མ་ཟུག་པར་བྱས་ནས་གཉོམ་ལག་རྒྱས་པ་ལོས་ཡིན། གོམས་སྲོལ་ངན་པས་རང་རྒྱུད་བརླམས་པ་མ་གཏོགས། རང་ལ་ཤ་དང་ཁྲག་གི་འབྲེལ་བ་ཟབ་པའི་སྐྱེས་མར་ཡང་སྡང་སེམས་ཤ་འཁོན་རུས་པའི་གཏིང་ལ་ཟུག་པ་འདི་ཨ་རེ་མཚར། ཚུལ་དེ་འདྲ་མཐོང་ཐེངས་རེར་ང་ལ་སྐྱོ་ཐེངས་རེ་འབྱུང་། དེང་སང་གྲོང་ཁྱེར་དུ་འཚོ་བའི་བུ་མོ་ན་གཞོན་ཁ་ཅིག་གིས་བུ་ཚ་སྐྱེ་བར་སེམས་འཚབ་བྱེད་ཀྱི་འདུག དོན་དེར་ང་རང་ཧང་སང་མྱོང་མོད། ཞིབ་ཏུ་བསམས་ན། རང་གིས་བསྐྱེད་པའི་ཚེ་སྲོག་གང་དེ་རང་མགོ་ཐོན་རྗེས། ཕྱིར་རང་གི་སྐྱེད་མར་སྨོད་མཁན་སྡང་མཁན་ཞིག་ཏུ་འགྱུར་བར་དོགས་པ་མིན་འགྲོ།

མི་རིགས་ཧྲིལ་པོ་ནོར་བ་རྒྱུན་འབྱམས་ཀྱི་རྗེས་སུ་ཆུ་བོ་ཐུར་དུ་འབབ་པ་ལྟར་སོང་ན་ནི། རྗེས་རབས་བུ་ཚ་དང་བུ་མོ་ཚང་མར་བག་ཆགས་ངན་པ་བསྒོ་བ་བསྙོན་དུ་མེད། དེས་གནོད་པར་བྱེད་པ་ནི་སྐྱེས་མ་ཙམ་ཞིག་ཡེ་མ་ཡིན། ད་ལྟ་མང་པོ་ཞིག་བཟའ་འཁོན་བཟའ་སྡུག་བཟའ་འཛིང་བཟའ་འཐོར། ཐ་ན། བཟའ་གསོད་ཀྱང་བྱས་ཏེ། འཇིག་རྟེན་མི་ཆོས་ཀྱང་འཁྱོང་གི་མེད་པ་ལ་ལྟོས་དང། ཁྱིམ་ཚང་གི་བདེ་སྐྱིད་འཚོ་བའི་གེགས་དང་བར་ཆད་ནི་ཏག་ཏག་ང་ཚོའི་རྒྱུད་ཀྱི་ཕོ་མཆོག་མོ་དམན་གྱི་ལྟ་བ་དྲག་པོ་དེ་ལགས། ཡིད་མི་ཆེས་ན། རང་གི་བུ་རྒྱུད་ཀྱི་སྟེང་ནས་ཚོད་ལྟ་ཞིག་བྱོས་དང་ཧ་གོ་ཡོང་།

གནས་ལུགས་མ་གོ་བར་སྐྱོན་ཆ་བཟོ་བའི་ཁུག་ཀྱོག་ན་འཚོ་བ་སྐྱེལ་མཁན་ཚོ་ལ། རང་གི་བུ་མོའི་མི་ལུས་རིན་པོ་ཆེ་འཕྲོ་བརླག་ཏུ་གཏོང་བའི་གནས་སྟངས་ལ་འགྱུར་བ་མ་བཏང་། མུ་མཐུད་ཁྱད་གསོད། འབུར་འཇོམས། ཚར་གཅོད། མཐོང་ཆུང་། མར་ཞད་སྐྱག་ཞད་དུ་གཅོད་པའི་སློབ་གསོ་བྱས་ཚེ། མི་ཚེ་གཅིག་ལ་མྱུར་བ་མྱུར་དུ་ཉེས་འབྲས་སྨིན་ནས། རང་གི་བུ་མོ་ཡང་རྐུན་མ་མི་ཡི་ཐ་མ། རྟོལ་གོག་ཟོག་གི་ཐ་མ་ཞེས་སྤྱི་ཚོགས་སུ་མི་གྲལ་ཁྱི་གྲལ་དུ་མི་ཆུད་ཅིང། ཁྱིམ་དུ་རང་གི་ཨ་མ་འདུས་པའི་བུད་མེད་བྱིངས་ལ་སྨོད་མཁན་སྡང་མཁན་དུ་འགྱུར་བ་གོར་མ་ཆག ཝ་སྐྱེས་རྒྱལ་པོར་བསྐོས་པ་ན། རང་གི་རིགས་ལ་ལྷག་པར་སྡང་ཞེས། ང་ཚོའི་རིན་ཐང་གི་ལྟ་བ་ལས་དེ་ཐ་ཤལ་ཡང་ཤལ་ཞིག་ཏུ་རྩི་བ་ཡིན། སློབ་གསོ་ངན་པ་དེ་འདྲའི་འོག་ཏུ་འཚར་སྐྱེས་བྱུང་བ་ཚོ། མཐའ་མར། རང་འཕུང་གཞན་རླག་ཅིག་ལས་མེད་པས་ན། ད་ནས་གོམས་གཤིས་ངན་པ་དེ་ལ་འགྱུར་བ་བཏང་ན་མི་ལེགས་སམ་ཞེས་འདྲི་བར་འདོད།

ལར། ཡུལ་ལུང་འདིའི་མི་རྣམས་རང་གི་སྐྱེས་མར་སྡང་ཞིང་། སྐྱེས་མ་ཕན་ཚུན་ལ་འཁོན་སེམས་ཆེ་བ་དེའང་ང་ཚོར་དྲན་པ་མག་མོག་ཡོད་དུས་ནས་བཟུང། བུད་མེད་ནི་སྐྱོན་གྱི་ཕུང་བོ། བྱུར་གྱི་སྣ་འདྲེན། གྱོད་ཀྱི་གཞི་མ་ཡིན་ཚུལ་བཤད་དེ། མིག་འཇགས་རྣར་བྱང་དུ་བཅུག་པའི་བག་ཆགས་ཐོག་མ་དུག་གི་ས་བོན་དེ་བཏབ་པས་ཡིན། དུག་ཅན་གྱི་སློབ་གསོ་དེ་ལ་དུག་སེལ་བྱེད་པ་ལ་ནི། དཔེ་ཀློག་དང་བློ་སྦྱོང་། རང་གིས་བསམ་གཞིག་དང་འཚོ་བར་ཉམས་ཞིབ། མི་རིགས་གཞན་གྱི་འཕེལ་རྒྱས་ཆེ་བའི་སྐྱེས་མའི་ལོ་རྒྱུས་ལ་ལྟ་ཞིབ་བྱེད་པ་སོགས་ལས་གཞན་གྱིས་མི་ཕན། སློབ་གསོ་ངན་པའི་འབྲས་བུ་དེས་མཐར་གཏུགས་ན་སྤྱི་སྒེར་གཉིས་ལ་གནོད་དེ། སླ་ང་ཆག་ན་སྤྱི་གྱོང་། ཕོར་བ་ཆག་ན་སྒེར་གྱོང་ཞེས་པ་ལྟར། ཆེ་ས་ནས་མི་རིགས་ཤིག་རྒུད་བྱེད། ཆུང་ས་ནས་ཁྱིམ་གཞིས་ཤིག་རླག་བྱེད་ཡིན། སོམས་དང་། མི་རིགས་མི་རིགས་ཟེར་ཡང་། ཕོ་མོ་གཉིས་ལས་གྲུབ་པ་ཡིན། དེ་གཉིས་མ་འགྲིག་མ་འཆམས་ཚེ་བདེ་ཐབས་ག་ལ་ཡོད། ད་དུང་། མ་གཞི་ནས་གྲངས་ཀ་ཉུང་བའི་ཕྱེད་ཀ་བེད་མེད་དུ་བཏང་ཚེ། ཁ་སྟབས་ཞན་ལ་ཅང་གི་གྲས་སུ་ཚུད་ཀྱི་མེད་པའི་ང་ཚོ་གྲངས་ཉུང་ལས་ཀྱང་ཡང་ཉུང་། འཁོས་ཆུང་ལས་ཀྱང་ཡང་ཆུང་ཆགས་པ་མ་ཡིན་ནམ།

ལྔ། པདྨ་མཚོ་དང་ང་ཡི་གཏམ་རྒྱུད།

དེབ་འདི་འབྱོར་ནས་ཉིན་ཁ་ཤས་ཀྱི་རྗེས་ལ་མ་གཏོགས་ཀློག་ཁོམ་མ་བྱུང་། དེ་ནས་བཀླགས་ཚོར་ཞིག་བྲི་ཐུབ་ན་བསམས་ཏེ་རང་གི་མཐོང་ལམ་དུ་བཞག་བཞག་པ་ཡིན། གཟའ་མཇུག་གི་སྐབས་སུ་སྤྱིར་བཏང་བུ་མོ་དཀར་རྒྱན་ངེད་གཉིས་ཀྱིས་མཉམ་དུ་དཔེ་ཀློག་དང་ཡང་ན་ཁོ་མོས་སྦྱོང་ཚན་འབྲི་བར་བྱེད་ཀྱི་ཡོད། ཁ་སང་བུ་མོས་མདུན་ཅོག་སྒང་གི་པདྨ་མཚོའི་སྒྲུང་གཏམ་ལག་ཏུ་བླངས་ནས་ཀློག་མགོ་བརྩམས་ཤིང་ཅུང་མ་འགོར་བར་ཚར། དེ་ནས་ཨ་མ། ངས་བྱིས་སྒྲུང་འདི་འདྲ་ཞིག་ཉོས་ནས་དབྱིན་ཇིའི་རྒན་ལགས་ཀྱི་བྱིས་པར་སྤྲོད་འདོད། ཁོང་གིས་ང་ལ་དེབ་སྤྲད་མྱོང་ཟེར། བུ་མོ་དེབ་དེར་དགའ་སྣང་དེ་འདྲ་སླེབས་པར་ང་ཡང་ཅུང་ཟད་ཡ་མཚན། ངས། བྱིས་སྒྲུང་འདི་ད་ལྟ་ལྷ་སར་ཐོན་ཡོད་ཀྱི་མ་རེད། དེབ་གཉིས་ལས་མེད་པས་གཅིག་ང་ལ་དགོས། གཞན་དེ་ཚ་མོ་ཚེ་གཡང་ཡར་འགྲོ་ལ་སྟེར་ཆད་བྱས་ཡོད་ཅེས་པ་ན། མོས། ངས་རང་གི་སྒོར་མོ་སྤྲད་ཆོག གཅིག་ཉོ་གི་ཡིན། དེབ་འདིར་རང་གི་ཁྱད་ཆོས་ཡོད་པར་མ་ཟད། ཀློག་ཀྱང་བདེ་བོ་འདུག དབྱིན་ཡིག་ཏུའང་བྱིས་པའི་ཀློག་དེབ་ལྟར་ཐ་སྙད་སྟབས་བདེ་བོ་གོ་སླ་མོ་དག་སྤྱད་འདུག རྒན་ལགས་ཀྱི་བྱིས་པ་དེབ་འདིར་དགའ་རྒྱུ་རེད་ཅེས་རྣམ་དག་གིས་བཤད། ངས། ཨེ་རེད། དེབ་འདིའི་རི་མོ་འབྲི་མཁན་ཡང་ཨ་ཁུ་གཡག་རྒོད་རེད་ཅེས་པར། ཨེ་རེད་ཟེར་ནས་མཚར་སྣང་འདྲ་ཞིག་སྐྱེ་བཞིན། མི་ཡི་གདོང་པ་བྲིས་པ་དེ་འདྲའི་སྙིང་རྗེ་མོ་ཞིག་མི་འདུག་ག་ཞེས་བཤད། དེ་ནས་དེབ་གཅིག་ཁོ་མོར་རིན་མེད་དུ་སྤྲད། གཅིག་དེ་ཚེ་གཡང་ཡར་འགྲོ་ལ་སྤྲོད་རྒྱུ་བྱས། ད་ཆ་མལ་གྲོ་གུང་དཀར་གྱི་གྲོང་གསེབ་ཅིག་གི་བུ་བཅོལ་ཁང་དུ། ཚེ་གཡང་གིས་མིག་རིག་རིག་བྱེད་བཞིན་པདྨ་མཚོའི་སྒྲུང་གཏམ་ལ་རེ་སྒུག་བྱེད་ཀྱིན་ཡོད་ན་ཐང། བྱིས་ལོ་ལྔ་ཡང་ལོན་མེད་པའི་ཁོ་མོའི་ལག་ཏུ་བྱིས་སྒྲུང་འདི་འབྱོར་རྗེས། ཐོག་མར། ཨ་མ། ཚེ་གཡང་ལ་རྟ་རྒྱུག་སྙིང་བྲོ་གི་ཞེས་ལབ་ཨེ་ཡོང་ངས་འདོད། ཧ་ཧ…… མོ་རང་རྟ་ལ་ཞོན་པར་དགའ་བས་ཡུམ་བུ་བརླ་མཁར་དུ་མཆོད་མཇལ་ལ་འགྲོ་དུས། རྟ་རྒན་ཞིག་ལ་ཡར་ལམ་ཞོན་གླ་སྒོར་བཞི་བཅུ་འདྲ་སྤྲད་དེ་ཞོན་དུ་བཅུག་པ་རེད། དེ་བས་ཀྱང་། དེབ་འདིའང་མོ་རང་ཀ་མད་སུམ་ཅུར་འཇུག་པའི་གྲོགས་བཟང་པོ་ལྟ་བུར་གྱུར་ན་ཅི་མ་རུང་བསམ། དེ་སྔོན་བོད་སྒྲུང་རྣལ་མ4ཨ་ནུ་དཔེ་ཚོགས་ལ་སོགས་འགའ་རེ་མིག་འདྲིས་ལག་འདྲིས་བྱུང་ཡོད་པས་ཁོ་མོར་བོད་སྒྲུང་གི་བག་ཆགས་ཤིག་བཞག་ཡོད་ཀྱང་སྲིད།

དངོས་གནས་དེང་སང་གི་བྱིས་པ་ཚོ་བསོད་བདེ་ཆེ་བ་ལ། ང་ཚོའི་དུས་ལ་བྱིས་སྒྲུང་ཚད་ལོངས་པ་ཞིག་ནི་ག་ལ་ཡོད་དེ། དབྱང་ཙི་རུང5དང་ཧུང་ཏེན་ཅི6ལ་སོགས་པའི་རི་མོ་ནག་བྲིས་དེབ་གཟུགས་ཆེ་ཆུང་མི་རྒན་གྱི་ལག་མཐིལ་འདྲ་བ7རེ་གཉིས་ལས་ལྟ་བའི་སྐལ་བ་མ་ལྡན། ང་རང་གཞོན་ནུ་མའི་དུས་སུ་དཔེ་ཀློག་ལ་མ་དགའ་བ་དེ་བྱིས་པའི་དུས་ལ་བྱིས་སྒྲུང་མེད་པའི་ལོ་ཟླ་སྐྱ་བོ་དེ་དང་ཡང་འབྲེལ་བ་ཡོད་ཤག་རེད།

2021/11/15ཉིན་གྲུབ།

Leave a Reply