བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་བརྩི། 2020


དེ་རིང་ནི་འཛམ་གླིང་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་ཡིན་ཞིང་། ཉིན་མོ་འདི་ནི་ཕྱི་ལོ་༡༩༨༡ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་ཀྱི་བཙོན་འོག་རྩོམ་པ་པོའི་སྡེ་ཚན་ནས་གཏན་ལ་ཕབ་པ་ནས་བཟུང་རྒྱལ་ཁབ་ཁག་༡༡༤ ཡོད་པའི་པེན་རྩོམ་པ་པོའི་ཡན་ཡག་༡༤༥ ཡིས་ད་བར་ལོ་ལྟར་སྲུང་བརྩི་ཞུས་ཡོད།

བོད་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ནི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ཡག་ཅིག་དང་། ལྷག་པར་དུ་བཙན་བྱོལ་ནང་གི་རྩོམ་པ་པོའི་ཚོགས་སྡེ་ཆེན་པོ་ཞིག་གྱུར་ཡོད་སྟབས། ལོ་ལྟར་ཉིན་མོ་འདི་སྲུང་བརྩི་བྱེད་ཀྱི་ཡོད།

ད་ལོ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་ཉིན་མོ་འདི་དངོས་སུ་མཉམ་འཛོམས་ཐོག་སྲུང་བརྩི་བྱེད་ཐབས་བྲལ་ཡང་། རྒྱ་གར་དང་། ཨ་རི། ཡུ་རོབ། ཨོ་སི་ཊི་ལི་ཡ་སོགས་ལ་གནས་པའི་བོད་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྣམས་ཏེ། ཉམས་ཞིབ་པ། ལོ་རྒྱུས་སྨྲ་བ། སྐད་བརྡ་སྨྲ་བ། སློབ་དཔོན་ཆེན་མོ་གཙོས་རྩོམ་པ་པོ་རྣམས་དྲ་ལམ་བརྒྱུད་ནས་མཉམ་འཛོམས་ཐོག རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བདམས་གནང་བའི་ལོ་འདིའི་རྒྱལ་སྤྱིའི་ཚབ་མཚོན་བཙོན་འོག་རྩོམ་པ་པོ་ལྔ་དང་། བོད་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ནས་བདམས་པའི་བོད་ཀྱི་ཚབ་མཚོན་བཙོན་འོག་རྩོམ་པ་པོ་ལྔ་ངོ་སྤྲོད་དང་། རྩོམ་འབྲིའི་རང་དབང་སྐོར་དང་། བཙོན་འོག་རྩོམ་པ་པོའི་གནས་བབ། བཙོན་འོག་རྩོམ་པ་པོའི་མྱོང་ཚོར་སྐོར། བོད་ཀྱི་སྐད་ཡིག་གི་ཉེན་ཚབས། བོད་ཀྱི་བུད་མེད་རྩོམ་པ་པོའི་གནས་སྟངས་སྐོར། བཙོན་འོག་གི་སྨྱུ་གུ་ཞེས་པའི་བརྗོད་གཞི་ལྔའི་ཐོག་གཏམ་བཤད་བྱས་ཤིང་། ཕྱི་ལོ་༢༠༢༠ལོའི་རྒྱལ་སྤྱིའི་པེན་ཚོགས་ཆེན་ཀྱི་གྲོས་ཆོད་སོགས་ཀྱི་སྐོར་འགྲེལ་བརྗོད་དང་སྙན་ངག་གྱེར་འདོན་བཅས་བྱས་ཡོད།

མཐར་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ཆེད་དུ་མུན་ནག་གི་བཙོན་པ་ཚུད་པའི་འཛམ་གླིང་གི་བཙོན་འོག་རྩོམ་པ་པོ་ཡོངས་མགྱོགས་མྱུར་དུ་བཙོན་གྲོལ་ཐོབ་པའི་སྨོན་འདུན་དང་སྦྲགས། ཁོང་རྣམ་པར་གདུངས་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་བྱས་ཏེ་འདུ་འཛོམས་རྒྱལ་ཁའི་ངང་གྲོལ་ཏོ།།

ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་༡༥་ཉིན་པེན་དྲ་རྒྱ་རྩོམ་སྒྲིག་པས།

Leave a Reply