རྒྱལ་སྤྱིའི་པེན་གྱིས་རྒྱ་གཞུང་ལ་འབོད་སྐུལ་ཞུས།

རྒྱལ་སྤྱིའི་པེན་གྱིས་རྒྱ་གཞུང་ལ་འབོད་སྐུལ་ཞུས།

 

རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་ཁེ་ན་ཌར་ཚོགས་པའི་སྟེང་། བོད་པའི་སྐུ་ཚབ་གཉིས་མཉམ་ཞུགས་གནང་སྟེ། བོད་དོན་དང་འབྲེལ་བའི་ཐོག་གླེང་སློང་དང་གྲོས་ཆོད་ཁག་ཅིག་བཞག་ཡོད་འདུག

 

12དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཚེས་ ༡༣ ནས་ ༡༦ བར་ཁེ་ན་ཌའི་གྲོང་ཁྱེར་ཁུའེ་བྷེག་ནང་། རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་ ༨༡ པ་སྐོང་ཚོགས་གནང་བའི་སྟེང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་དང་། ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་ལགས་རྣམ་གཉིས་མཉམ་ཞུགས་གནང་སྟེ། བོད་དོན་དང་འབྲེལ་བའི་གྲོས་ཆོད་དོན་ཚན་ ༡༤ བཞག་པའི་སྐོར་གསལ་བསྒྲགས་གནང་སོང་།

 

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་ཀྱིས། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་ལྷན་ཚོགས་ནས་རྒྱ་གཞུང་ལ་འབོད་སྐུལ་ཞུས་པའི་དོན་ཚན་ཁག་སྒྲོགས་སྦྱང་གནང་དོན། དང་པོ། དཀོན་མཆོག་ཚེ་འཕེལ་གྱིས་གཙོས་ཞི་བའི་ལམ་ནས་སོ་སོའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྱད་པའི་རྒྱུ་མཚན་ཉག་གཅིག་ལ་བརྟེན་ནས་བཙོན་བཅུག་བྱས་པའི་བོད་ཀྱི་རྩོམ་པ་པོ་དང་བོད་མི་གཞན་ཡོངས་འཕྲལ་དུ་ཀློད་གྲོལ་གཏོང་དགོས། གཉིས་པ། བཙན་ཁྲིད་བཀག་ཉར་བྱས་པའི་བོད་ཀྱི་རྩོམ་པ་པོ་ལ་ཉེས་རྡུང་སོགས་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས། གསུམ་པ། བོད་ནང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས། བཞི་པ། བོད་ནང་སྤྱི་ཚོགས་འབྲེལ་ལམ་དང་སློབ་ཁྲིད་ཆེད་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མི་ཆོག་པའི་དམ་དྲག་ཕྱིར་འཐེན་བྱེད་དགོས། ལྔ་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་ཡོང་སླད་ཐབས་ལམ་གང་འོས་སྤེལ་དགོས། ཞེས་ངོ་སྤྲོད་གནང་སོང་།

 

གཞན། རྩོམ་པ་པོའི་མཐུན་ཚོགས་ཀྱིས་རེ་འདུན་ཁག་ཅིག་བཏོན་པའི་ནང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་དཔལ་ཡོན་རྡོག་བརྫིས་གཏོང་བའི་ལས་འགུལ་དེ་དག་མཚམས་འཇོག་ཡོང་བའི་རེ་འདུན་ནན་མོ་འདོན་གྱི་ཡོད། རྩོམ་རིག་དང་སྒྱུ་རྩལ་ནི་རྒྱལ་མཚམས་མེད་པའི་རིག་གནས་ཤིག་དང་བོད་མི་རིགས་ཀྱི་བསམ་བློའི་གཞི་རྟེན་གཙོ་བོར་གྲུབ་ཡོད་སྟབས། བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ། སྒྱུ་རྩལ་པ་སོགས་དམིགས་བསལ་གྱིས་འཛིན་བཟུང་དང་བཙོན་འཇུག བཀག་སྡོམ། ཁྲིམས་ཐག་ལྕི་མོ་གཅོད་བཞིན་པའི་སྲིད་བྱུས་དང་ཁྲིམས་ལུགས་གསར་བ་ཁག་མཚམས་འཇོག་དགོས་པ་དང་། བོད་ཀྱི་རྩོམ་པ་པོ་དང་སྒྱུ་རྩལ་པ་སོགས་ཀྱི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་ཆ་ཚང་བ་ཞིག་ལོངས་སྤྱོད་ཐུབ་པའི་ཁོར་ཡུག་གསར་བ་ཞིག་བསྐྲུན་རྒྱུ་དང་། དྲ་རྒྱའི་རྩོམ་སྒྲིག་པ་དཀོན་མཆོག་ཚེ་འཕེལ་ (ལོ ༡༥ ཁྲིམས་ཆད་བཅད་ཡོད) དང་། བུད་མེད་རྩོམ་པ་པོ་ལྷ་མོ་སྐྱབས། (ལོ་ ༡༥ ཁྲིམས་ཆད་བཅད་ཡོད།) བུད་མེད་རྩོམ་པ་པོ་ཡེ་ཤེས་ཆོས་སྒྲོན་ (ལོ་ ༡༥ ཁྲིམས་ཆད་བཅད་ཡོད།) སོགས་བཙོན་འོག་ཏུ་ཡོད་བཞིན་པའི་བོད་ཀྱི་རྩོམ་པ་པོ་ཆ་ཚང་གང་མགྱོགས་ཀློད་གྲོལ་དང་གུ་ཡངས་གཏོང་དགོས་པའི་རེ་བ་ཆེན་པོ་འདོན་བཞིན་ཡོད། ཅེས་སོགས་བརྗོད་སོང་།

 

13དེའི་རྗེས་པེན་བོད་ཀྱི་རྩོམ་པ་པའི་མཐུན་ཚོགས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་སྨན་ཤེར་བློ་གྲོས་ལགས་ཀྱིས། འདི་ལོའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཕོ་འགྱུར་དང་འབྲེལ་བའི་སྐོར་ལ། ད་རེས་ཀྱི་ཚོགས་ཆེན་འདི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་གྱི་དམིགས་བསལ་ཚོགས་ཆེན་ཞིག་ཆགས་ཡོད་ལ། དམིགས་བསལ་ཚོགས་ཆེན་ཆགས་པའི་རྒྱུ་མཚན་གཙོ་བོ་གཅིག ད་རེས་ཀྱི་ཚོགས་ཆེན་སྟེང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་མི་འདྲ་བ་ཁག་ ༨༤ སྐུ་ཚབ་ ༢༧༠ མཉམ་ཞུགས་གནང་བ་མ་ཟད། ཨ་རི་དང་ཁེ་ན་ཌ་གཉིས་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ ༡༠༠ ཙམ་ཟུར་ཞུགས་གནང་ཡོད་པ་རེད། དེར་བརྟེན། ཐེངས་འདིའི་ཚོགས་ཆེན་གྱི་གྲུབ་ཆ་དང་མི་འབོར་གང་ཅིའི་ཐད་ནས་ཧ་ཅང་གཞི་རྒྱ་ཆེན་པོ་ཞིག་ཡིན་ཞིང་། གཉིས། ད་རེབ་ཀྱི་ཚོགས་འདུའི་སྟེང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་འོས་འདེམ་གནང་སྟེ། མཐུན་ཚོགས་ཀྱི་ཚོགས་གཙོ་བུད་མེད་ཅིག་འདེམ་ཐོན་བྱུང་བ་དེ་ཧ་ལམ་ལོ་ངོ་ ༡༠༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་བུད་མེད་ཐོག་མ་དེ་ཆགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་འཕོ་འགྱུར་ཆེན་པོ་ཞིག་རེད། གསུམ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་དང་རྟོག་ཞིབ་ཚན་པ། མཐུན་ཚོགས་ཀྱི་སྡེ་ཁག་ཆེན་པོ་ ༤ ནང་གི་སྡེ་ཚན་གཉིས་བཅས་ཀྱི་ནང་མི་སྣ་གལ་ཆེན་ ༡༠ གསར་འདེམ་གནང་ཡོད་པ་དེ་ཡང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ཡིན་པ་རེད། བཞི། ད་རེབ་ཀྱི་ཚོགས་ཆེན་འདིའི་སྒང་རྒྱལ་ཁབ་ ༧༠ ལྷག་ནང་རྩོམ་འབྲི་དང་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཡོད་པའི་གནད་དོན་ཐད་ལ་གྲོས་ཆོད་འཇོག་ཐུབ་ཡོད་པ་དེ། རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལོ་རྒྱུས་ཁྲོད་གནད་འགག་ཆེ་ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་སྟབས། ད་རེས་ཀྱི་ཚོགས་ཆེན་འདི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལོ་རྒྱུས་ཁྲོད་དམིགས་བསལ་ཚོགས་ཆེན་ཞིག་ཆགས་ཡོད་པ་རེད། དེར་མ་ཟད་ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་བཞིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནང་ཞུགས་ནས། ང་ཚོས་ལས་དོན་གལ་ཆེན་གསུམ་འགྲུབ་པའི་དང་པོ་དེ། གཙོ་བོ་བོད་ནང་གི་སྐད་ཡིག་བཀག་སྡོམ་གྱི་དཀའ་ངལ་དང་རྩོམ་འབྲི་རང་དབང་གི་དཀའ་ངལ། བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་རྣམས་ཀྱི་དཀའ་ངལ་དང་ཁོང་རྣམ་པའི་བརྩམས་ཆོས་དཔར་སྐྲུན་གྱི་དཀའ་ངལ་སོགས་གླེང་སློང་ཤུགས་ཆེན་བྱས་ཡོད་པ་དང་། གཉིས་པ་དེ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་དང་། ལྷག་པར་བྱང་ཨ་རི་དང་ཡུ་རོབ་གླིང་། དེ་བཞིན་ཨེ་ཤ་ཡ་བཅས་ཀྱི་པེན་རྩོམ་པ་པོའི་མཐུན་ཚོགས་ཚང་མར་འབྲེལ་ལམ་བསྐྱར་གསོ་དང་མཉམ་འབྲེལ་ལས་གཞི་སྤེལ་རྒྱུ། མཐུན་ཚོགས་ཕན་ཚུན་བར་འབྲེལ་ལམ་རྒྱུན་མཐུད་དང་སྲ་བརྟན་ཡོང་རྒྱུ་བྱས་པ་དང་། གསུམ་པ་དེ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་ལས་དོན་གལ་ཆེན་ཁག་ཐད་སློབ་སྟོན་གནང་རྒྱུ་དང་། འགྲོ་བཞིན་པའི་ལས་འཆར་ཁག་མང་པོ་ཞིག་ལ་རོགས་རེས་གནང་རྒྱུ། དེ་བཞིན་དཀའ་ངལ་ཡོད་པའི་མཐུན་ཚོགས་ཁག་མཉམ་འབྲེལ་ཤུགས་ཆེན་གནང་རྒྱུ་སོགས་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

 

གསར་འགོད་པ། པདྨ་རྒྱལ།

Leave a Reply