བོད་ཀྱི་ཞིབ་འཇུག་ལ་ཧ་ཅང་ཕན་ཐོགས་ཆེ་བའི་དཔེ་མཛོད་ཁང་འགའ།


དེང་སང་དྲ་རྒྱའི་སྟེང་བོད་ཀྱི་དཔེ་མཛོད་ལས་རིགས་རྒྱ་ཆེ་རུ་འགྲོ་བཞིན་འདུག མཚམས་རེར་བརྗོད་གཞི་བྱེ་བྲག་པ་ཅིག་ལ་སློབ་སྦྱོང་བྱེད་སྐབས། གློག་ཀླད་གཅིག་པུ་ལ་བརྟེན་ནས་དཔེ་ཆ་གང་དགོས་དགོས་ཤིག་ལ་ལྟ་ཀློག་བྱེད་ཐུབ་པ་འདུག

ཐེངས་ཤིག་ངས་བོད་ཀྱི་ཤོ་མོ་ཞེས་པའི་སྐོར་ལ་ཡིག་ཆ་འཚོལ་གྱིན་ཡོད། ང་དཔེ་མཛོད་ཁང་ལ་འགྲོ་དགོས་བྱུང་མ་སོང་། དེ་ནི་བོད་ཀྱི་ནང་བསྟན་དཔེ་ཚོགས་(www.tbrc.org)བརྒྱུད་ནས་ཡིག་ཆ་གང་མང་ཞིག་རྙེད་བྱུང་། པར་རིས་ལ་གཟིགས།

དཔེ་མཛོད་ཁང་འདི་ནི་ཇཱིན་སི་མི་ཐི་ཞེས་པའི་མཁས་པ་དེས་གསར་དུ་བཙུགས་པ་ཞིག་རེད་འདུག དཔེ་མཛོད་ཁང་གི་ལོ་རྒྱུས་འདི་ན་འདུག http://tbrc.org

གོང་གསལ་རི་མོའི་ནང་གསལ་བ་ལྟར། དཔེ་མཛོད་ཁང་འདི་ན་བཀའ་འགྱུར་བསྟན་འགྱུར་གྱིས་མཚོན་པའི་བོད་ཀྱི་གསུང་རབ་ཧ་ཅང་གྲངས་མང་པོ་ཞིག་འདུག་ལ། ཤིང་པར་གྱི་རིགས་ཕལ་ཆེ་བ་ཞིག་རིན་མེད་དུ་ཕབ་ལེན་བྱེད་ཐུབ་པ་འདུག

 

དཔེ་མཛོད་ཁང་གཞན་ཞིག་ནི་བོད་དང་ཧི་མ་ལ་ཡའི་གློག་རྡུལ་དཔེ་མཛོད་ཁང་ཞེས་པ་ཞིག་འདུག (www.thdl.org) དཔེ་མཛོད་ཁང་འདིར་པར་རིས་དང་ས་བཀྲ མི་སྣའི་ལོ་རྒྱུས། བཀའ་བསྟན་འགྱུར་སོགས་ཆེས་མང་པོ་འདུག བཀའ་འགྱུར་བསྟན་འགྱུར་ལ་མཚོན་ན་ཡང་། སྡེ་དགེ་དང་པེ་ཀིང་སོགས་པར་མ་འདྲ་མི་འདྲ་དང་། དེ་བཞིན་གློག་ཀླད་ཡིག་གཟུགས་སུ་ཕབ་པ་བཅས་འདུག ངས་མཉན་ཡོད་བཅས་བཀའ་བསྟན་གྱི་ནང་བཙལ་བ་ཡིན། བཙལ་བའི་འབྲས་བུ་གཤམ་གསལ་གྱི་རི་མོ་ལ་འཁོད་པ་ལྟར་རེད།

འདི་ལྟར་བཙལ་བ་ཡིན་ན། བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་མིང་ཚིག་གང་འདྲ་ཡོད་མེད་དང་དེའི་དག་ཆ་གང་འདྲ་འཁོད་ཡོད་མེད་སོགས་ལས་སླ་བོར་ཤེས་ཐུབ་པ་འདུག དཔེར་ན། ང་ཚོས་བོད་ཡིག་གི་མིང་ཚིག་ “བླ་དྭགས་” ཟེར་བ་ཞིག་འཚོལ། ཨོ། དེ་བཙལ་བའི་འབྲས་བུ་འདི་རེད།

བཙལ་འབྲས་ཀྱི་མིང་ཚིག་རེ་རེ་ལ་བསྣུན་ན། དེ་གང་དུ་ཡོད་པའི་དཔེ་ཆ་ངོ་བཤུས་མ་དང་གློག་རྡུལ་ཡིག་གཟུགས་ལ་འཁྱེར་འགྲོ་བ་འདུག

ཉིན་གཅིག་ང་ལ་ས་ཆ་ཞིག་མཁོ་བར་གྱུར། ས་ཆ་དེ་ནི་ཀ་མདོ་ཟེར་བ་དེ་རེད། ངས་དཔེ་མཛོད་ཁང་འདིའི་ས་ཆའི་མིང་མཛོད་ལ་བཙལ་བ་ཡིན། ངས་རྙེད་པ་ནི་གཤམ་གསལ་གྱི་པར་རིས་ལྟར་རེད།

ཀ་མདོ་ཞེས་པ་གང་དུ་ཡོད་མེད། ད་ལྟའི་བོད་ཡིག་དང་རྒྱ་ཡིག་གི་མིང་། རྫོང་དང་ཞིང་ཆེན་གང་ཡིན་མིན། གྷོའུ་གྷལ་ས་བཀྲ་ཐོག་གི་ས་གནས་སོགས་རྙེད་ཡོང་གི་འདུག

 

 

དེ་ནས་དཔེ་མཛོད་ཁང་གསུམ་པ་ཞིག་ནི་ལ་རྩེ་དེང་རབས་བོད་ཀྱི་དཔེ་མཛོད་ཁང་རེད།(www.latse.org)

དཔེ་མཛོད་ཁང་འདི་ན། བོད་ཡིག་སྐོར་ལ་རྒྱུ་ཆ་ཧ་ཅང་འཛོམས་པོ་འདུག ངས་རྩོམ་པ་པོའི་མིང་འཁོད་པའི་དཀར་ཆག་བརྒྱུད་ནས་དོན་གྲུབ་རྒྱལ་ཞེས་བཙལ་བ་ཡིན། དེ་ནས་རྙེད་པའི་འབྲས་བུ་གཤམ་གསལ་ལྟར་རེད།

དཔེ་མཛོད་ཁང་འདིར་བྱ་ར་ཞེས་པའི་དུས་དེབ་ཀྱི་དཀར་ཆག་ཅིག་འདུག དེར་དཔེར་ན། སྦྲང་ཆར་དང་བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་ཁག་ཏུ་རྩོམ་ཡིག་གང་དང་གང་འཁོད་ཡོད་པ་བལྟ་བ་ལ་ཧ་ཅང་སྟབས་བདེ་པོ་འདུག དེའི་ལོ་རྒྱུས་བོད་ཡིག་མ་འདི་ན་ཡོད། http://latse.org
ངས་ཚེ་ཏན་ཞབས་དྲུང་ཞེས་རྩོམ་པ་པོའི་མིང་ཁོངས་ནས་བཙལ་བ་ཡིན། བཙལ་ནས་རྙེད་པའི་གྲུབ་འབྲས་འདི་རེད།

འདི་ལྟར་བོད་ཀྱི་དཔེ་མཛོད་ཁང་གསུམ་པོ་འདི་ནི་ ད་ལྟའི་བོད་ཡིག་སློབ་སྦྱོང་གནང་མཁན་ཚོ་ལ་མཚོན་ན་ཧ་ཅང་མེད་དུ་མི་རུང་བའི་དཔེ་མཛོད་ཁག་ཅིག་རེད། ཧ་ཅང་སྟབས་བདེ་པོ་ཡང་འདུག ཕྲན་གྱིས་འདི་ལྟར་ངོ་སྤྲོད་ཀྱི་རྩོམ་ཡིག་འདི་འབྲི་དོན་ནི། ཉེ་ལམ་ཕྲན་གྱི་གྲོགས་པོ་འགའ་ལ་འདིའི་སྐོར་གླེང་སློང་བྱས་སྐབས་ཁོང་ཚོས་འདིའི་སྐོར་མཁྱེན་གྱི་མི་འདུག དེ་བས་འདི་ལྟར་ངོ་སྤྲོད་བྱས་ན་གཞན་མང་པོ་ལ་ཡང་ཕན་ཐོགས་ཆེ་ངེས་དྲན་ནས་བྲིས་པ་ཡིན།

Leave a Reply