བཙོན་འོག་གི་རྩོམ་པ་པོར་དྲན་གསོ།

བཙོན་འོག་གི་རྩོམ་པ་པོར་དྲན་གསོ།

 

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་གནང་ཡོད་པ་དང་། ཚོགས་མི་ཁག་ཅིག་གིས་གསུང་བཤད་དང་སྙན་ངག་གྱེར་འདོན་སོགས་གནང་སོང་།

 

12231187_1007734825935332_1869165455_nདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ ནས་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་ཐེངས་ ༣༤ པ་སྲུང་བརྩི་ཞུས་པའི་ཐོག དྷ་ས་ཁུལ་གྱི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པ་དང་ཚོགས་མི་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་རྩོམ་པ་པོ་དང་སྙན་ངག་པ་མི་གྲངས་ ༣༠ ལྷན་འཛོམས་ཐོག <<ལྕགས་སྒྲོག་འོག་གི་གསར་སྙུག>>ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

 

དེ་ཡང་ཐོག་མར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཨ་རིག་འགྱུར་མེད་དང་སྨིན་སྣང་མཛེས་སོགས་ཀྱིས་བོད་ནང་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་ཨ་རིག་སྒྲོལ་མ་སྐྱབས། ཐེའུ་རང་དང་ཞོགས་ལྗངས་བཅས་ཀྱི་སྙན་རྩོམ་ཁག་ཅིག་གྱེར་འདོན་བྱས་པ་དང་སྦྲགས། གྲགས་ཅན་རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱི་<<ལྷིང་འཇགས་མེད་པའི་རི་བོ་ཧི་མ་ལ་ཡ།>ཞེས་པའི་བརྩམས་ཆོས་དང་དེའི་རྒྱལ་ལྗོངས། ཁོང་གི་མི་ཚེ་ལོ་རྒྱུས་དང་། ལྷག་དོན་བརྩམས་ཆོས་དེ་པར་སྐྲུན་འགྲེམ་སྤེལ་ཞུས་པའི་རྐྱེན་པས་རྒྱ་གཞུང་གིས་རྩོམ་པ་པོ་ཁོང་ཁྲི་མུན་བཙོན་དུ་བཅུག་པའི་གནས་སྟངས། དེ་བཞིན་ཁོང་གིས་བཙོན་ཁང་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྤྲིངས་པའི་འཕྲིན་ཡིག་སོགས་ངོ་སྤྲོད་སོང་།

 

ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་ལགས་ཀྱིས་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་གཙི་ཞུ་བའི་དགོས་དམིགས་སྐོར་དོན་ཚན་གསུམ་བརྗོད་པའི་ནང་། དེ་རིང་གི་ཉིན་མོ་འདི་དང་བསྟུན་ནས། གཅིག་ང་ཚོས་རྒྱལ་སྤྱིའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད་ལ། གཉིས་ང་ཚོས་བོད་ནང་གི་དངོས་ཡོད་གནས་ཚུལ་འདི་ཚང་མ་རྒྱལ་སྤྱིའི་སྒང་ལ་སྐྱེལ་གྱི་ཡོད་པ་རེད། གསུམ་ང་ཚོའི་ཆབ་སྲིད་དཀའ་སྡུག་གི་གནས་བབ་ཚང་མ་རྒྱལ་སྤྱི་རང་བཞིན་གྱི་ནུས་པ་དང་འཐབ་རྩོད་ཅིག་ཆགས་པའི་ལས་རིམ་གལ་ཆེན་ཞིག་ཡིན་སྐོར་གསུང་སོང་།

 

DSC_2743དེའི་རྗེས་ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་ཀྱིས་ཉེ་ལམ་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་ ༨༡ པའི་ཐོག་བཞག་པའི་བོད་ཀྱི་རྩོམ་པ་པོ་དང་སྨྲ་བརྗོད་རང་དབང་སྐོར་གྱི་གྲོས་ཆོདང་བསྒྲགས་གཏམ་དོན་ཚན་ ༥ སྤེལ་བའི་ནང་། ༡ དཀོན་མཆོག་ཚེ་འཕེལ་གྱི་གཙོས་པའི་ཞི་བའི་ལམ་ནས་སོ་སོའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྱད་པའི་རྒྱུ་མཚན་ཉག་གཅིག་ལ་བརྟེན་ནས་བཙོན་འཇུག་བྱས་པའི་བོད་ཀྱི་རྩོམ་པ་པོ་དང་བོད་མི་གཞན་ཡོངས་འཕྲལ་དུ་གློད་ཀྲོལ་གཏོང་དགོས། ༢ བཙན་ཁྲིད་བཀག་ཉར་བྱས་པའི་བོད་ཀྱི་རྩོམ་པ་པོ་ལ་ཉེས་རྡུང་སོགས་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས། ༣ བོད་ནང་བསམ་བརྗོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དོགས། ༤ བོད་ནང་སྤྱི་ཚོགས་འབྲེལ་ལམ་དང་སློབ་ཁྲིད་ཆེད་བོད་ཀྱི་སྐད་ཡིག་བེད་སྤྱོད་ གཏོང་མི་ཆོག་པའི་དམ་བསྒྲགས་ཕྱིར་འཐེན་བྱེད་དགོས། ༥ བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་ཡོང་སླད་ཐབས་ལམ་གང་འོས་སྤེལ་དགོས། ཞེས་འཁོད་ཡོད་སྐོར་བརྗོད་སོང་།

 

གསར་འགོད་པ། པདྨ་རྒྱལ།

Leave a Reply