དུང་དཀར་བློ་བཟང་འཕྲིན་ལས།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ ནི། ཕྱི་ལོ་ ༡༩༢༧ ལོར་ཀོང་པོར་འཁྲུངས་ཤིང༌། ༡༩༣༡ ལོར་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཇོ་མོ་རྫོང་བཀྲ་ཤིས་ ཆོས་གླིང་དགོན་གྱི་དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། ཕྱི་ལོ་ ༡༩༣༤ ལོར་བཀྲ་ཤིས་ཆོས་གླིང་དགོན་དུ་ཁྲི་འདོན་མཛད་ཅིང་སློབ་གཉེར་གྱི་དབུ་ཚུགས། ཕྱི་ལོ་ ༡༩༣༦ ལོའི་ཟླ་བ་ ༡༡ ནས་གདན་ས་ཆེན་པོ་སེ་རྭ་ཐེག་ཆེན་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་ཐོས་ བསམ་གནང་མཐར་ཕྱི་ལོ་ ༡༩༤༦ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དགེ་བཞེས་ལྷ་རམས་པའི་མཚན་བཏགས་བཞེས། ཕྱི་ལོ་ ༡༩༤༧ ལོར་རྒྱུད་སྟོད་དུ་སྒྲིག་ཞུགས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་ཁག་ལ་སློབ་གཉེར་མཛད་དེ།

ཕྱི་ལོ་ ༡༩༥༠ ལོར་སྔགས་རམས་པའི་མཚན་བཏགས་བཞེས། ཕྱི་ལོ་ ༡༩༥༡ ལོ་ནས་ ༡༩༥༥ བར་དང༌། ༡༩༥༨ ནས་ ༡༩༥༩ ཕྱི་ཟླ་ ༣ བར་བཅས་པར་ལྷ་ལྡན་འཕྱོངས་རྒྱས་འབུམ་ཐང་དུ་སུམ་རྟགས་དང་སྙན་ངག་སོགས་ཐ་སྙད་ རིག་གནས་ལ་གསན་བསམ་མཛད་ཅིང༌། དེ་རྗེས་རྒྱ་ཡིག་དང་དམར་པོའི་གཞུང་ལུགས་སོགས་ལའང་སློབ་སྦྱོང་དང་རྟོག་དཔྱོད་ མཛད་པ་བཅས་མདོར་ན་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐིལ་ཕྱིན།

ཕྱི་ལོ་ ༡༩༥༢ ལོའི་གཡས་གཡོན་དུ་ཀོང་པོ་སྒར་པ་གྲྭ་ཚང་དུ་སྐྱེས་བུ་ཆུང་ངུའི་ལམ་རིམ་གྱི་ བཤད་ཁྲིད་དང༌། ༡༩༥༤ ལོར་རྒྱུད་སྟོད་ཀྱི་དགེ་བསྐོས་མཛད། ༡༩༥༧ལོར་ཀོང་པོ་ཐེག་ཆེན་ཆོས་འཁོར་གླིང་དུ་བླ་མ་མཆོད་པའི་བཀའ་ཁྲིད་ཁ་ཆེམས་རླུང་འཁོར་ཕྱག་ཆེན་དང་འབྲེལ་བ་དང༌། ལམ་རིམ་མྱུར་ལམ་དམར་ཁྲིད་ཆ་ཚང་སྩལ་ཞིང༌། རི་ཁ་དགོན་དུ་སྐུ་ཚད་ཐོག་བརྩེགས་གཉིས་ཡན་ཟིན་པའི་རྗེ་ཡབ་སྲས་གསུམ་གྱི་སྐུ་ བརྙན་གསར་བཞེངས་མཛད། ༡༩༥༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ལྷ་རམས་དགེ་བཤེས་ཀྱི་མཚན་རྟགས་བཞེས་ སྐབས། བགྲོ་གླེང་འབུལ་མིར་གདན་ས་གསུམ་གྱི་ཁོངས་ནས་དགེ་བཤེས་བླ་སྤྲུལ་གྲགས་ཆེན་ བཅུ་དྲུག་འདེམས་བསྐོ་མཛད་ཁོངས་མཁས་དབང་འདིས་མངོན་པ་མཛོད་ཀྱི་གཞུང་དོན་དང་འབྲེལ་བའི་བགྲོ་གླེང་ཕུལ། དུས་འགྱུར་རྗེས་ ༡༩༥༩ ལོའི་ཟླ་བ་བརྒྱད་པར་མི་རིགས་དང་སྲིད་བྱུས་སྐོར་གྱི་སློབ་སྦྱོང་ལ་ཕེབས་དགོས་ བྱུང་བ་དང༌། ༡༩༦༠ ལོར་རྒྱ་ནག་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཞེས་པའི་རྒྱུན་ལས་ ལས་འཛིན་གྱི་ཐུགས་འགན་བཞེས་དགོས་བྱུང༌། ༡༩༦༠ ལོའི་ཟླ་བ་ ༩ ནས་ ༡༩༦༥ ལོའི་ཟླ་བ་ ༡༢ བར་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭར་ཕེབས་ཏེ་མི་རིགས་སྐད་ཡིག་ཚན་ཁག་གི་ བོད་ཡིག་ཞིབ་འཇུག་འཛིན་གྲྭའི་དགེ་རྒན་གྱི་ཐུགས་འགན་བཞེས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ཅེས་པ་དེ་དུས་བརྩམས་ཤིང༌། དུང་དཀར་ཚིག་མཛོད་ཆེན་མོ་ ༡༩༦༤ དང༌། དེའི་མཇུག་ཏུ་བཀོད་པའི་ལོ་ཚིགས་དྭངས་ཤེལ་མེ་ལོང་ ༡༩༦༣ ཞེས་པ་གཉིས་དུས་ཡུན་དེའི་ནང་རྩོམ་འགོ་ཚུགས། ༡༩༦༥ ལོར་བོད་དུ་ཕེབས་ཤིང༌། ༡༩༦༦ ལོར་གཞིས་རྩེ་དང་རྒྱལ་རྩེ་སོགས་སུ་སློབ་གསོ་ཆེན་པོའི་ལས་དོན་དུ་ཕེབས། རིག་གནས་གསར་བརྗེ་ཞེས་པའི་གདུག་རྩུབ་ཆེ་བའི་ལས་འགུལ་དེའི་ནང་མཁས་དབང་འདི་ ཡང་རྡུང་རྡེག་ཕོག་ཡུལ་དུ་གྱུར་ཏེ། ཕྱི་ལོ་ ༡༩༦༦ ཟླ་བ་ ༨ ནས་ ༡༩༧༡ ལོའི་ཟླ་བ་ ༢ བར་ངལ་རྩོལ་སྒྱུར་བཀོད་ཀྱི་མནར་གཅོད་མི་བཟད་པ་མྱངས་དགོས་བྱུང༌། དེ་རྗེས་ཀྱང་ ༡༩༧༡ ལོའི་ཟླ་བ་ ༨ ནས་ ༡༩༧༣ ལོའི་ཟླ་བ་ ༡༠ བར་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་སློབ་སྦྱོང་འཛིན་གྲྭ་ ཞེས་པར་ཕེབས་དགོས་བྱུང་སྟེ། དོན་དུ་བསུན་བཙིར་སྣ་ཚོགས་ཀྱི་མནར་གཅོད་ཕོག ། ༡༩༧༤ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ཡིག་ཚགས་ཁང་དང༌། གསར་བརྗེ་འགྲེམས་སྟོན་ཁང་གི་ཡིག་ཚགས་དཀར་ཆག་རྩོམ་སྒྲིག་གནང་ཞིང༌། ༡༩༧༥ ལོར་བོད་ཕྱི་ནང་ཀུན་ཏུ་དར་ཁྱབ་ཆེ་བའི་བོད་རྒྱ་ཚིག་མཛོད་ཆེ་མོ་ཞེས་པ་དེའི་ རྩོམ་འབྲིའི་ལས་དོན་ནང་ཞུགས། ༡༩༧༦ ལོར་ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་རྩོམ་འབྲི་མཛད་པ་དང༌། ༡༩༧༧ ལོའི་ཟླ་བ་ ༣ ནས་༡༩༧༨ ལོའི་ཟླ་བ་ ༤ བར་བོད་རང་སྐྱོང་ལྗོངས་ཞེས་པའི་སྲིད་གྲོས་རིག་གནས་ལོ་རྒྱུས་རྩོམ་འབྲི་ཁང་ དུ་ཕྱག་ལས་གནང་དགོས་བྱུང་བ་བཅས་ ༡༩༥༩ ལོ་ནས་འདི་བར་རྒྱ་གཞུང་གི་ལྟ་སྐུལ་དམ་དྲག་འོག་ཕྱག་ལས་གནང་དགོས་སྟབས། མཁས་དབང་འདིའི་སྐུ་ཚེའི་ནང་སྐུ་ངལ་ཆེ་ཤོས་ཀྱི་དུས་སྐབས་སུ་ངེས། ༡༩༧༨ ལོའི་ཟླ་བ་ ༥ པར་སླར་ཡང་པེ་ཅིན་མི་རིགས་སློབ་ཆེན་དུ་ཕེབས་ནས ༡༩༨༤ ལོ་བར་དུ་འཆད་ཁྲིད་གནང་སྟེ་བོད་མི་ཤེས་ལྡན་མང་པོ་གསོ་སྐྱོང་མཛད། ༡༩༨༠ ལོ་དང་ ༡༩༨༥ ལོ་སོ་སོར་རིམ་པ་བཞིན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ གཞོན་པ་དང༌། དགེ་རྒན་ཆེ་མོ་བའི་མཚན་གནས་བཞེས་ཤིང༌། སྙན་གྲགས་ཅན་གྱི་རྩོམ་ཡིག་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཞེས་པ་དེ་ དང༌། དེབ་ཐེར་དམར་པོའི་མཆན་འགྲེལ་ཞེས་པ་དེ་གཉིས་དགེ་ཆེ་གཞོན་པའི་མཛད་ཁུར་བཞེས་ རིང་རྩོམ་པར་མཛད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ཚོགས་པ་ཐེངས་བཞི་པ་རྒྱ་ནག་དང་བོད་ནང་ ཕེབས་སྐབས། ཕྱི་ལོ་ ༡༩༨༥ ཟླ་ ༦ ཚེས་ ༡ ཉིན་མཁས་དབང་འདི་པའི་ཕྱག་ལས་གནང་ཡུལ་པེ་ཅིན་མི་རིགས་སློབ་གྲྭར་གཟིགས་བསྐོར་ གནང་བ་དང༌། དེ་དུས་སྐུ་ཚབ་ཚོགས་པར་དུང་དཀར་རིན་པོ་ཆེ་སོགས་ཏང་ཡོན་ཡིན་སྟབས་བཀའ་མོལ་ གནང་ཕྱོགས་ཐད་ཡིད་གཟབ་དགོས་སྐོར་ཞུ་མཁན་བྱུང་རུང༌། དངོས་སུ་མཇལ་འཕྲད་སྐབས་མཁས་དབང་འདི་པས་རྒྱ་རིགས་ལས་བྱེད་དང་སྣེ་ཤན་ཚང་མ་ ཡོད་སར་འཇིགས་ཞུམ་ཅི་ཡང་མེད་པའི་སྒོ་ནས། བོད་མི་རིགས་ཀྱི་སྲོག་རྩར་གྱུར་བའི་སྐད་ཡིག་ཉམས་ཆག་ཏུ་འགྲོ་མུས་སོགས་ལས་ འཕྲོས་པའི་བཅོས་མིན་ཞེན་པ་དཀར་བའི་གསུང་གླེང་ཐད་ཀར་མཛད་པས། སྐབས་དེའི་ྋགོང་ས་མཆོག་གི་སྐུ་ཚབ་རྣམས་ཀྱང་བློ་སྤོབས་སྐྱེ་བའི་རྐྱེན་དུ་ གྱུར་སྐོར་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱི་ལོ་རྒྱུས་སུ་གསལ། ༡༩༨༥ ལོར་འཇར་མན་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཕེབས་ཤིང༌། ལོ་དེར་བོད་དུ་གནས་སྤོས་ཞུས་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ གི་དགེ་རྒན་ཆེ་མོའི་མཛད་ཁུར་བཞེས་པ་དང་འབྲེལ་བོད་ཀྱི་དཀར་ཆག་རིག་པ་ཞེས་པའི་ ལྗགས་རྩོམ་སྤེལ། ༡༩༨༦ ལོར་ལྷ་ས་བོད་རིག་པའི་གྲོས་མོལ་ཚོགས་འདུའི་དབུ་བཞུགས་སུ་ཕེབས་ཤིང༌། ཚོགས་འདུ་དེའི་ཐོག་ནས་བོད་རིག་པའི་ཞིབ་འཇུག་སློབ་ཚོགས་ཀྱི་དབུ་འཛིན་གཙོ་ གྲས་སུ་བསྐོས།དེ་བཞིན་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགན་འཛིན་གྱི་མཚན་གནས་སོགས་བཞེས། བོད་ཀྱི་སློབ་གསོ་རིག་པའི་གོང་འཕེལ་སྐོར་ཞེས་པའི་ཆེད་རྩོམ་སྤེལ། ༡༩༨༧ ལོར་ཧང་གྷ་རིར་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཞིག་ཏུ་ཕེབས་ཤིང༌། ལོ་དེར་མཁས་དབང་འདི་ཉིད་ལ་ལྗོངས་མི་དམངས་སྲིད་གཞུང་ཞེས་པས་རྒྱལ་ཁབ་རིམ་པའི་ ཆེད་ལས་མཁས་པའི་མཚན་གནས་ཕུལ། ༡༩༨༨ ལོ་ནས་དུང་དཀར་ཚིག་མཛོད་ཆེ་མོ་ལྗགས་རྩོམ་མཛད་རྒྱུའི་ཐད་ཤུགས་སྐྱེད་ནུས་ འདོན་གནང་བར་མ་ཟད། བོད་ཡིག་དཔེ་རྙིང་དཔར་སྐྲུན་སྐོར་གླེང་བ་ཞེས་པའི་རྩོམ་ཡིག་དེ་ཡང་སྤེལ། ༡༩༩༠ ལོར་མདོ་སྨད་དུ་ཕེབས་ཏེ་ཀན་སུའུ་བོད་རིག་པའི་ཞིབ་འཇུག་ཁང་ཟེར་བའི་ཞིབ་འཇུག་ མི་སྣ་རྣམས་ལ་སྣེ་ཁྲིད་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་དང༌། ཅོ་ནེ་དགོན་ཆེན། སྐུ་འབུམ། དགོན་ལུང༌། ཀིརྟི། ཟི་ཚ་སྡེ་དགུ་སོགས་གནའ་ཤུལ་གྲགས་ཅན་ཁག་ལ་དངོས་སུ་ཕེབས་ཏེ་དམར་ཁྲིད་མཛད། ༡༩༩༡ ལོར་བོད་རང་སྐྱོང་ལྗོངས་ཞེས་པའི་སློབ་གསོ་ཚན་རྩལ་ཨུ་ཡོན་ལྷན་ཁང་གིས་སློབ་ གསོའི་ཕུལ་བྱུང་བྱས་རྗེས་ཅན་གྱི་གཟེངས་བསྟོད་ཕྱག་ཁྱེར་ཕུལ། ༡༩༩༢ ལོར་ནོར་ཝེ་རྒྱལ་སར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་ འདུར་ཕེབས་ཤིང༌། ཚོགས་ཐོག་ནས་ལྷན་ཚོགས་དེའི་ལས་འཛིན་པའི་ཁོངས་མིར་བསྐོ་བཞག་ཞུས། དེ་མཚུངས་ལོ་དེར་ཨི་ཊ་ལིར་བོད་ཀྱི་སྐད་ཡིག་སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ ཚོགས་འདུར་ཕེབས། ༡༩༩༣ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བཀའ་མངགས་གནང་དོན་ལྟར་པེ་ཅིན་དུ་ཡོད་པའི་ བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དུ་ཟླ་བ་གསུམ་ལྷག་གི་རིང་འཆད་ཁྲིད་ དང༌། ནོར་ཝེ་རྒྱལ་ཁབ་ཏུ་སློབ་ཁྲིད་ཟླ་བ་གཉིས་མཛད། ༡༩༩༥ ལོའི་ཟླ་བ་བཞི་པ་བར་འབྲོག་མི་བྱམས་པ་བློ་གྲོས་དང༌། དགེ་བཤེས་ཡེ་ཤེས་དབང་ཕྱུག །བཀྲས་ལྷུན་བཀའ་ཆེན་བློ་བཟང་ཕུན་ཚོགས་སོགས་ལ་གསང་འདུས་འགྲེལ་པ་བཞི་སྦྲགས་ ཀྱི་བཀའ་ཁྲིད་ཆ་ཚང་དང༌། འབྲོག་མི་བྱམས་པ་བློ་གྲོས་སོགས་ལ་སྔགས་རིམ་ཆེ་མོའི་བཤད་ལུང་དང་རྫོགས་རིམ་ རིགས་ལྔ་གསལ་སྒྲོན། འཇམ་དབྱངས་དཀར་པོའི་རྗེས་གནང༌། ངག་དབང་ཆོས་བག་དང་ཚུལ་ཁྲིམས་རབ་རྒྱས་སོགས་ལ་སྔགས་རིམ་ཆེ་མོའི་བཤད་ལུང་སྩལ། ཕྱི་ཟླ་དྲུག་པའི་ནང་ཨའོ་སེ་ཁྲུ་རི་ཡར་སྐབས་བདུན་པའི་རྒྱལ་སྤྱིའི་བོད་རིག་ པའི་ཚོགས་འདུར་ཕེབས་ཤིང༌། དེ་རྗེས་གདན་ཞུས་ལྟར་ཕ་རན་སི་དང་དབྱིན་ཡུལ་སོ་སོར་ཕེབས་ནས་བོད་འབྲེལ་བགྲོ་ གླེང་ལྷན་ཚོགས་སུ་ཞུགས། གཞན་ཡང་སྐུ་ཚེའི་སྨད་དུ་རྒྱ་ནག་རྒྱལ་ཡོངས་ལོ་རྒྱུས་ཞིབ་འཇུག་ཚོགས་པ་དང༌། རྒྱ་ནག་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཚོགས་པ། རྒྱ་ནག་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཚོགས་པ། གྲངས་ཉུང་མི་རིགས་ཀྱི་གནའ་རབས་སྐད་ཡིག་ཞིབ་འཇུག་ཚོགས་པ། ལྷོ་ནུབ་མི་རིགས་ཞིབ་འཇུག་མཐུན་ཚོགས། རྒྱ་ནག་རྒྱལ་ཡོངས་ནང་བསྟན་ཆོས་ཚོགས། བོད་རང་སྐྱོང་ལྗོངས་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པ། བོད་རང་སྐྱོང་ལྗོངས་སྐད་ཡིག་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ཟེར་བ་སོགས་ཀྱི་ཚོགས་ མིའམ། སློབ་སྟོན་པ། མཚན་འཛིན་ཚོགས་མི་སོགས་སུ་བསྐོ་བཞག་ཞུས། དེ་ལྟར་བསྟན་པ་དང་མི་རིགས་ཀྱི་དོན་དུ་ཕྱག་ལས་རླབས་པོ་ཆེ་མཛད་མུར་ ༡༩༩༧ ལོའི་ཟླ་བ་ ༧ ཚེས་ ༢༢ ཉིན་ཆུ་ཚོད་ ༡༡ ཐོག་སྙུང་གཞིས་རྐྱེན་པས་ཨ་རིར་དགོངས་པ་གཞན་དོན་དུ་གཤེགས། གསུང་རྩོམ་ལ་དུང་དཀར་ཚིག་མཛོད་ཆེ་མོ་དང༌། དེ་མིན་མང་དུ་བཞུགས་པ་རྣམས་གང་གི་ཞལ་སློབ་རྣམ་རྒྱལ་ར་འཕྲིན་ལས་རྒྱ་མཚོ་ སོགས་ཀྱིས་འབད་པ་ཆེན་པོ་མཛད་པ་ལ་བརྟེན་ནས་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་ ༢༠༠༤ ལོར་ཆ་ཚང་ཕྱོགས་བསྒྲིགས་ཀྱིས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཞེས་པའི་དེབ་ཕྲེང་ཀ་ནས་ཉ་ བར་པར་སྐྲུན་གནང་འདུག་ཅིང༌། དེ་ཡང་ ཀ༽ སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། ཅེས་པ་དེ་ཡིན་པ་དང༌། ཁ༽ བོད་ཀྱི་དཀར་ཆག་རིག་པ། ག༽ གྲུབ་མཐའི་སྐོར་གྱི་རྣམ་བཤད། ང༽ བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་སྐོར་བཤད་པ། ཅ༽ དཔྱད་རྩོམ་ཕྱོགས་བསྒྲིགས། ཆ༽ དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། ཇ༽ སྐད་ཡིག་དང་སློབ་གསོ། ཉ༽ གླེང་གཞི་དང་གསུང་བཤད་བཅས་ཡིན། དེ་དག་གི་ཁོངས་སུ་དེ་སྔོན་འགྲེམས་སྤེལ་མ་བྱས་པའི་རྩོམ་ཡིགབོད་ཀྱི་གསོ་རིག་སེམས་ཁམས་རིག་པ། ཞེས་པ་དང༌། སེམས་དང་ལུས་པོ་ཀླད་པ་གསུམ་བར་གྱི་འབྲེལ་བའི་སྐོར་ལས་འཕྲོས་པའི་གླེང་མོལ་ སོགས་གསར་པ་བརྒྱ་ཆ་སུམ་ཅུ་ལྷག་ཙམ་མཆིས། མདོར་ན། མཁས་དབང་འདི་ཉིད་ནི། བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པ་ཆགས་འཇིག་གི་མཚམས་སུ་སླེབས་པའི་གཉན་ འཕྲང་ཅན་གྱི་དུས་སྐབས་འདིར་བོད་ནང་བྱོན་པའི་མཁས་དབང་སྙིང་སྟོབས་དང་བཀའ་དྲིན་ཅན་དམུ་དགེ་བསམ་གཏན་དང༌། ཚེ་གཏན་ཞབས་དྲུང༌། ཁྲོ་རུ་ཚེ་རྣམ་སོགས་བོད་གངས་ཅན་གྱི་བསོད་ནམས་ཀྱི་མཁའ་ལམ་དུ་བྱོན་པའི་མུན་ སེལ་གྱི་སྒྲོན་མེ་འགའ་ཞིག་བྱུང་བའི་ཁོངས་ཀྱི་གཅིག་ལགས་ན། དྲིན་ལ་དྲིན་དུ་ཤེས་པའི་སྒོ་ནས་མཁས་དབང་འདི་དག་གི་མཛད་པའི་རྗེས་སུ་ཅི་ནུས་ ཀྱིས་འཇུག་པར་འཚལ་ཞེས་ཞོར་འཕྲོས་སུ་ཞུ་བ་ལགས་སོ།། །།