རྒྱུ་འབྲས་མེད་པའི་མག་པ།

གངས་དཀར་རྒྱལ་སྲས།

འཆི་མེད་བཟའ་ཟླ་གཉིས་ལ་བུ་དང་བུ་མོ་གཉིས་ལས་མེད་མོད། བུ་དགོན་པར་གྲྭ་བ་བྱེད་དུ་བུད་སོང་བས་ཁོང་བཟའ་ཟླ་གཉིས་བུ་མོ་ལ་བསྟེན་ནས་ཡོད།

 

ཁོའི་ མིང་ལ་ཅི་ཞིག་ཟེར་བ་དང་ཕ་ཡུལ་གང་ནས་ཡིན་མིན་སུས་ཀྱང་མི་ཤེས་མོད། སྡེ་བ་འདི་ན་ཁོ་ངོ་མི་ཤེས་མཁན་ཕལ་ཆེར་མེད། ཁོས་སྡེ་བ་འདི་ནས་ལས་ཀ་འདྲ་མིན་བྱས་ཏེ་ལོ་གཉིས་ལྷག་འགྲོ་བཞིན་ཡོད། དབྱར་ཁར་གྱང་རྡུང་བ་དང་དགུན་ཁར་ཕྱུགས་འཚོ་བ་སོགས་བྱས་བས་ཁོའི་ལག་འབབ་ཀྱང་ མི་ཆོག་རྒྱུ་མེད། ཁོ་ནམ་རྒྱུན་ཨ་ཁུ་འཆི་མེད་ཚང་ན་བསྡད་ཡོད་ལ། ཁོ་ཚང་གི་ནོར་ལུག་ཀྱང་ཁོས་འཚོ་སྐྱོང་བྱེད་བཞིན་ཡོད། འཆི་མེད་ཚང་སྡེ་བ་འདིའི་ནོར་ལུག་མང་ཤོས་ཡིན་པས་ངོ་མ་ནོར་ལུག་འཚོ་མཁན་ཞིག་ དགོས་འདུག

 

ཁོས་ དེ་ལྟར་མི་རྐྱང་གི་འཚོ་བ་རོལ་བཞིན་ཡོད་པས་ཚང་མས་ཁོའི་མིང་ལ་མི་རྐྱང་ཟེར། མི་རྐྱང་གིས་ཁྱིམ་ཚང་གང་ནས་ལས་ཀ་བྱས་པ་ཡིན་ན་དེ་ཚང་ལ་ངང་ངམ་ཤུགས་ཀྱིས་ འདྲེས་འགྲོ་བའི་གཤིས་ཀ་ཞིག་ཡོད་པས། མི་མང་པོ་ཞིག་ཁོའི་རང་གཤིས་ལ་དགའ་ཞིང་བུ་མོ་མང་པོ་ཞིག་ཁོའི་དཀར་ཞིང་གཙང་ བའི་ངོ་མདངས་དང་ཕོ་ཉམས་ལ་སེམས་ཤོར་གྱིན་ཡོད།

 

མི་ རྐྱང་འཆི་མེད་ཚང་ནས་ཡུན་རིང་བསྡད་པས་སྒྲོལ་དཀར་དང་ལུས་འབྲེལ་བྱུང་། འཆི་མེད་ཀྱིས་ཀྱང་རང་གི་བུ་མོའི་གནས་ཚུལ་ཤེས་བས་ཉིན་བཟང་ཞིག་བདམས་ནས་ཁོ་ གཉིས་ལ་གཉེན་སྒྲིག་གི་ཆོ་ག་རྒྱ་ཆེར་བྱས།

 

མ་ འགྱངས་པར་སྒྲོལ་དཀར་ལ་མངལ་ཆགས་པས་ཁྱིམ་ཚང་གི་ལས་ཀ་ཕྱོགས་ཡོངས་ནས་མི་རྐྱང་ གིས་བྱས། མི་རྐྱང་གིས་ཕོ་ལས་མོ་ལས་གཉིས་ཀ་བྱེད་བཞིན་པའི་རྣམ་པ་དེ་སྡེ་བའི་རྒན་གཞོན་ ཀུན་གྱིས་མཐོང་བས་དེ་འདྲའི་མག་པ་ཡག་པོ་ཞེས་བསྟོད་པའི་མཐེ་བོང་སྟོན་ཞིང་བུ་ མོ་ཚོ་སྨོན་པའི་ཡུལ་དུ་གྱུར།མི་རྐྱང་གི་ཁ་ལས་རླུང་རྟ་དར་བཞིན་པའི་སྐབས་དེར་ ཁོ་ལ་ན་ཚ་ཞིག་བྱུང་ནས་རྫོང་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱས་པས་ཁོའི་མཁལ་མ་ བརྗེ་དགོས་འདུག་པ་མ་ཟད་གང་མགྱོགས་བརྗེ་དགོས་ཟེར་བས། ཨ་ཁུ་འཆི་མེད་ཀྱིས་“ངས་མཁལ་མ་འདི་ཚོད་ལྟ་ཞིག་བྱས་ན་གཅིག་བྱས་ན་འགྲིག་ནའང་ཐང་”ཞེས་ ཚོད་ལྟ་ཞིག་བྱས་དུས་དངོས་གནས་ཨ་ཁུ་འཆི་མེད་ཀྱི་མཁལ་མ་འགྲིག་པས་ཁོ་ཚོ་ཟི་ ལིང་ལ་སོང་ནས་མི་རྐྱང་གི་མཁལ་མ་བརྗེ་བོ་བརྒྱབ། སྨན་ཁང་དུ་ཟླ་ཕྱེད་ལས་མ་བསྡད་མོད། སྒོར་ཁྲི་གཉིས་དང་བདུན་སྟོང་དྲུག་བརྒྱ་ལྷག་ཤོར་སོང། ཡིན་འང་ཨ་ཁུ་འཆི་མེད་ཀྱིས་དེ་ལ་སེམས་ཁྲལ་བྱེད་ཀྱི་མེད་པར་རང་གི་མག་པ་སྐྱོབ་ ཐུབ་སོང་བར་སེམས་ནས་དགའ་བཞིན་ཡོད།

 

ཨ་ཁུ་འཆི་མེད་ཀྱིས་“དེང་སྐབས་ཕོ་སར་མང་པོ་ཞིག་གིས་མེ་མདའ་འཁུར་གྱིན་འདུག་པས་མི་རྐྱང་ལའང་མེ་མདའ་ཞིག་དགོས་འདུག་”ཅེས་ དཀྲུམ་མདའ་རང་རྒྱུགས་མ་ཤིག་ལ་སྒོར་རྐྱང་ཁྲི་གསུམ་དང་ཉིས་སྟོང་སྤྲད་ནས་ཉོས་ ཤིང་སྒོར་རྐྱང་ཉིས་ཁྲི་ལྷག་བྱིན་ནས་བྱུ་རུའི་སྐེ་རྒྱན་ཞིག་ཀྱང་ཉོས་པས་མི་ རྐྱང་གི་ཡིད་དབང་འགུག་པའི་ཕོ་ཉམས་དེ་བྱུ་རུས་བརྒྱན་ན་ལྷག་དུ་ན་ཆུང་མ་ཚོའི་ སྙིང་ལ་སྡུག་པར་བྱེད།

 

དགོང་མོ་ཞིག་ལ་ཨ་ཁུ་འཆི་མེད་ཀྱིས། “དེང་ སྐབས་ཁྱིམ་ཚང་མང་པོས་རང་གི་རྩྭ་ས་མི་ལ་གླས་ནས་རང་གི་ཁྱིམ་ཚང་རྫོང་ཐོག་ལ་ གནས་སྤོར་བྱེད་བཞིན་འདུག དེ་སྟབས་བདེ་བོ་དང་སོས་དལ་མོ་ཞིག་ཀྱང་རེད། ང་ཚོས་ཀྱང་་་་་་་”ཞེས་ གྲོས་འགོ་བཏོན་པས་ཁྱིམ་མི་གང་བོས་མོས་མཐུན་བྱས་ཏེ་ནོར་ལུག་གི་བརྒྱ་ཆའི་ བརྒྱད་ཅུ་སྒོར་ཐོག་ལ་ཕབ་སྟེ་རྫོང་ཐོག་ཏུ་གནས་སྤོར་བྱས། རྩྭ་ས་གླས་པའི་ལོ་རེའི་ཡོང་སྒོ་སྒོར་རྐྱང་ཁྲི་གཉིས་དང་དྲུག་སྟོང་ལྷག་ཡོད་ལ། ནོར་ལུག་བཙོང་བའི་རིན་སྒོར་ཁྲི་བརྒྱད་ཅུ་གྱ་གསུམ་དང་བདུན་སྟོང་ལྷག་ཡོད། འཆི་མེད་ཚང་གིས་རྫོང་ཐོག་ནས་ཁང་བ་བརྒྱབ་ནས་སོས་དལ་བག་ལྷོད་ངང་བསྡད་ཡོད་ལ། སྒྲོལ་དཀར་ལའང་བྱིས་པ་སྙིང་རྗེ་མོ་ཞིག་སྐྱེས་པས་ཁྱིམ་མི་གང་བོས་དགའ་དགའ་ སྐྱིད་སྐྱིད་ཀྱིས་འཚོ་བ་རོལ་བཞིན་ཡོད། དེ་ལྟར་རྫོང་ཐོག་ནས་མིག་རྡེབ་ཙམ་ལ་ལོ་གསུམ་འགོར་སོང། སྒྲོལ་དཀར་ལ་ཡང་མངལ་ཆགས་ནས་ཟླ་ལྔ་འགྲོ་བཞིན་ཡོད་པས་ཁྱིམ་མི་གང་བོ་དགའ་དགའ་ སྤྲོ་སྤྲོའི་ངང་སྒྲོལ་དཀར་ལ་བལྟ་སྐྱོང་བྱེད་བཞིན་ཡོད།

 

མི་ རྐྱང་ཡུལ་ལ་མ་ཡོང་བར་ཉིན་གཉིས་འགོར་སོང། ཡར་མར་ལ་དྲིས་མོད་སུས་ཀྱང་མི་ཤེས། ཕལ་ཆེར་རྫོང་ཐོག་ན་མེད་པ་འདྲ། ཉིན་གསུམ་པ་དེར་འབྲེལ་ཡོད་ལས་ཁུངས་བརྒྱུད་ནས་བརྟག་དཔྱད་བྱུས་དུས། དངུལ་ཁང་གི་སྒོར་མོ་ཚང་མའང་མི་འདུག་པས་ཨ་ཁུ་འཆི་མེད་ཀྱི་སེམས་ལ་གཞི་ནས་མི་ རྐྱང་གི་ཕ་ཡུལ་དང་གཉེན་ཉེ་གནས་སྡོད་དཔང་ཡིག་ད་དུང་གཉེན་སྒྲིག་དཔང་ཡིག་སོགས་ གཅིག་ཀྱང་མེད་པ་ཡིད་ལ་ཤར།

 

སྤྱི་ བདེ་ལས་ཁུངས་ནས་འབྲེལ་ལམ་བརྒྱུད་དེ་མི་རྐྱང་གང་ཞིག་ནས་བཟུང་སྟེ་རྫོང་ཐོག་ལ་ ཁྲིད་ནས་སླེབས་བྱུང། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་ལྟར་ན་མི་རྐྱང་ནི་ཧྲང་ཧེ་གྲོང་ཁྱེར་གྱི་ ནག་ཚོགས་ཁག་ཆེ་ཤོས་ཤིག་གི་ཆེད་མངགས་པ་ཞིག་རེད་འདུག ཁོ་དང་ཁོ་ལྟ་བུ་མང་བོ་ཞིག་མཐོ་སྒང་གི་འབྲོག་ཕྱོགས་ས་ཁུལ་དུ་བཏང་འདུག ཁོ་ཚོས་དང་ཐོག་ས་ཆ་གང་ཞིག་ནས་བོད་སྐད་ལ་ཧུར་ཐག་གིས་འབད་པས་འབྲོག་སྐད་དང་ ཡུལ་སྲོལ་སོགས་ལ་བྱང་བར་གྱུར་བ་རེད་འདུག

 

མི་རྐྱང་ལ་ཁྲིམས་ཐག་གཅོད་ཉིན་སྒྲོལ་དཀར་གྱིས་ཁྲིམས་དཔོན་གྱི་མདུན་དུ་“མི་རྐྱང་གཉེན་ཉེར་འཕྲད་པར་སོང་བ་རེད། ཁོ་འགྲོ་ཁར་ང་ལ་ལབ་བྱུང། ཉིན་བཅོ་ལྔ་ལས་མི་འགོར་ཟེར་གི་”ཞེས་ཞུ་གཏུགས་བྱས། ཁྲིམས་དཔོན་གྱིས་“འོ་ན་མི་རྐྱང་གི་གཉེན་ཉེ་གང་ན་ཡོད་དམ་”ཞེས་དྲིས་པས་མོས་“ངས་མི་ཤེས་ལ་ངས་དྲིས་ཀྱང་མེད”་ཞེས་ལན་བྱིན། ཁྲིམས་དཔོན་གྱིས་“འོ་ན་ཁོ་འགྲོ་ན་སྒོར་མོ་ཚང་མ་འཁྱེར་དགོས་པའི་རྒྱུ་མཚན་ཞེས་དྲིས་དུས་སྒྲོལ་དཀར་གྱིས་ངས་མི་ཤེས་་་་་ངས་མི་ཤེས་”ཟེར་བ་ལས་ལན་འདེབས་རྒྱུ་མ་རྙེད། སྐབས་དེར་ཁྲིམས་དཔོན་གྱིས་“ཁྱོད་ཀྱིས་རང་གི་མགོ་མ་གཡོགས་ང་ཚོས་གསལ་བོར་ཤེས་ཡོད། འདི་ལ་ལྟོས་”ཞེས་ པར་དང་ཡི་གེ་མང་བོ་ཡོད་པའི་ཤོག་ལྷེ་འགའ་མོ་ལ་བསྟན་བྱུང་། དེ་དག་གི་སྟེང་དུ་ལོ་འགའི་ཡར་སྔོན་གྱི་ཁོའི་གྲོགས་པོ་ཚོ་དང་ཁོ་རང་ཆེད་མངགས་ ཡིན་པའི་དཔང་རྟགས་སོགས་འདུག་པས་སྒྲོལ་དཀར་གྱིས་མི་རྐྱང་གི་ངོ་ལ་བལྟ་བཞིན། “ཁྱོད་ ལ་ཅི་མ་ཉན་པ་རེད། ངེད་ཚང་གིས་ཁྱོད་ལ་གང་ནས་གྱོང་བཏང་སོང། ཨ་ཕས་རང་གི་མཁལ་མ་བྱིན་ནས་ཁྱོད་ཀྱི་སྲོག་བསྐྱབས་ནི་རེད། ཨ་ཕས་ཁྱོད་ཀྱི་ཆེད་དུ་ཅི་བྱས་པ་དག་ཁྱོད་ཀྱིས་བརྗེད་སོང་ངམ། ཁྱོད་ལ་རྒྱུ་འབྲས་ཤིག་ཡོད་དམ། ཁྱོད་ལ་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ཀྱང་མི་དགོས་སམ།” ཞེས་ངུ་འབོད་བྱས་ཀྱང། མི་རྐྱང་གིས་དེ་ལས་ལྡོག་སྟེ། “ང་ ཚོ་མཉམ་འགྲོ་མཉམ་འདུག་གི་ལོ་འདི་དག་གི་རིང་ལ་ངས་རང་གི་ལས་འགན་ཞིག་སྒྲུབ་ ཀྱིན་པའི་སྣང་བ་ལས་བྱུང་མ་མྱོང། ཁྱེད་ཚང་གིས་ངའི་དོན་དུ་མང་པོ་ཞིག་བྱས་པའང་ང་རང་གི་བྱེད་ཐབས་དང་འཇོན་ཐང་ ཡིན་བསམ་ཡོད། ང་མ་གཞི་ནས་ཁྱོད་ལ་བརྩེ་དུང་མེད།” ཅེས་བཤད་པས་སྒྲོལ་དཀར་ལ་ཅི་བྱེད་འདི་བྱེད་མེད་པར་འཇིམ་སྐུ་བཞིན་ཧད་དེ་ལུས་པ་ལས་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པར་གྱུར།

 

ཡིན་ ནའང་སྡེ་བ་འདི་གློ་བུར་དུ་གཉིད་ལས་སད་པ་ལྟར་འུར་ཆིལ་ལེར་སོང་བ་དང་ཨ་ཁུ་འཆི་ མེད་ཀྱིས་ཀྱང་མགོ་བོ་འཕྲེད་དུ་གཡུག་བཞིན་འཇིག་རྟེན་ལ་ཁོ་ཆད་པ་ལྟར་ཚ་བོ་དམར་ འབྱར་དེའི་ངོ་ལ་ཅེར་ནས་འདུག་གོ།

Leave a Reply