མི་བཅུར་ཕུལ་བའི་ཁ་བརྡ།

ཏཱ་ནི་ཆོས་གྲགས།

—སངས་རྒྱས་ཀྱི་རྣམ་ཐར་གློག་བརྙན་ལ་མཇལ་ཚར་བ་ཡིན།

རང་ངོས་ནས་སྔོན་ཆད་སངས་རྒྱས་ཀྱི་རྣམ་ཐར་གཞན་ལ་མཇལ་མྱོང་མེད་རྐྱེན་གཤིབ་བསྡུར་བྱ་ས་མི་འདུག་མོད་རྩ་བའི་ཆ་ནས་ཧ་ལས་པ་ཡགས་སྣང་ཤར་སོང་། གློག་བརྙན་འདི་ལ་མཚོན་ན་གློག་བརྙན་གཞན་དང་མ་འདྲ་བར་གཟབ་ནན་སྒོས་འཁྲབ་སྟངས་ལ་དགོས་ངེས་ཀྱི་ཟུར་ཕྲ་མོ་རེ་རེ་ལའང་ཆ་རྐྱེན་ལྡེང་ངེས་བྱས་ཡོད་ཤག་དང་རང་རེའི་བོད་སྐད་ལའང་དེ་བཞིན་ཤ་ཚ་ཚ་བྱས་ཏེ་བསྒྱུར་ཡོད་དང་ཡོད་བསམས་ནས། མཇལ་དུས་ཀྱང་དེ་བཞིན་བསྒྲིམས་ཏེ་མཇལ་ན་རྫོགས་པའི་སངས་རྒྱས་ཀྱི་དུས་སྐབས་དངོས་དེར་སྒྲ་གཟུགས་ཟུང་ལྡན་གྱི་སྒོ་ནས་མཇལ་ཐུབ་པའི་ཡིད་ཆེས་ཀྱིས་ཉིན་མཚན་སྦྲེལ་ཏེ་མཇལ་བ་ཡིན། མཇལ་ཚར་དུས་དོན་དག་མང་བོ་ཞིག་བརྗེད་ངས་ཀྱིས་ཕྱགས་མ་བརྒྱབ་ཟིན་ནའང་བོད་སྐད་ཀྱི་ཐད་ནས་མ་ལྡེང་བའི་ཆར་གཏོགས་ཡིད་ངོར་ལྷགས་པ་སྣ་ཟིན་སྤུ་ཟིན་རེ་འདིར་བྲིས་ཡོད་པས་སོ་སོའི་མྱོང་ཚོར་དང་གཅིག་མིན་ལ་གཤིབ་བསྡུར་བྱོས་དང་ངའི་བྱིས་བློའི་དྲི་མ་འདིས་ཁྱེད་ཚོར་དགོད་ཁ་ཡང་སློང་སྲིད།

—ཡུམ་སྐྱེ་རྒུའི་བདག་མོས་ཕྲེད་གླིང་བུས་ཏེ་རྒྱལ་བུ་དོན་གྲུབ་ལ་གཟིམ་འགུག་པར་བྱེད་པ་དེ་ནི་དེང་དུས་བོད་དུ་བླ་མ་དང་དགེ་འདུན་མང་ལ་གཟིམ་བརྡ་ཞེས་དུང་ཆེན་དང་རྒྱ་གླིང་འབུད་པར་འདྲ་བོ་འདུག་པས་དེ་ནི་དེའི་ཁུངས་ཤིག་མིན་འགྲོ་སྙམ་པ་བྱུང་།

—རྒྱལ་བོ་ཟས་གཙང་གིས་རྒྱལ་བུ་དོན་གྲུབ། རྒྱལ་བོ་རང་གི་འཆར་གཞི་ལྟར་འཚར་ལོངས་འབྱུང་བར་དམིགས་ནས་སེར་སྐྱ་གྲོང་ཁྱེར་གྱི་དབུལ་བོ་དང་ནད་པ་ཉམ་ཐག་རྣམས་གནས་སྤོས་པ་དེ་ནི། དེང་དུས་ང་ཚོས་དངོས་སུ་མཐོང་བའི་དམིགས་ཡུལ་གྱི་ཆེད་དུ་ཕྱིའི་རྣམ་པར་དང་དོད་ཆེན་པོ་འཛིན་པའི་སྲིད་ལུགས་དང་ཧ་ཅང་འདྲ་ཞིང་གནའ་དུས་ནས་བྱུས་ངན་འདིའི་རིགས་རྒྱུན་མ་ཆད་པར་མིའི་རིགས་གཅིག་ནས་གཅིག་ལ་བརྒྱུད་ཡོང་བ་ཞིག་ཡིན་ནམ་དྲན་དུ་བཅུག་སོང་།

—ས་འཚོ་མ་རྒྱལ་བུ་དོན་གྲུབ་ཀྱི་བཙུན་མོར་བསྐྱལ་ཁར་ས་འཚོ་མ་དང་མོའི་མ་ཡུམ་གཉིས་ངུ་བ་དེ་ནི་དམིགས་བསལ་བུད་མེད་རྣམས་ཀྱི་ཁྱམ་རྟགས་ཤིག་མ་ཡིན་པར་ང་ཚོའི་བོད་དུའང་ཕན་ཚུན་ཡུལ་བ་དང་ཁྱོ་ཤུག་གཉིས་འཐད་པ་བྱུང་བ་ཞིག་ཡིན་ནའང་གནས་ལ་བསྐྱལ་ཁར་མ་སྨད་གཉིས་ངུ་བ་དེ་དང་འདྲ་ཞིང་གྱེས་བྲལ་གྱིས་མ་བུའི་བག་ཉལ་གྱི་བརྩེ་བ་གཏིང་ནས་བསྐྱོམ་པར་བྱས་པ་ཞིག་མ་ཡིན་ནམ་དྲན་བྱུང་།

—རྒྱལ་བུ་དོན་གྲུབ་ཀྱིས་དང་ཐོག་མི་ཤི་བ་གཟིགས་རྗེས།

ས་འཚོ་མ་ལ། མི་ཤི་བ་ལ་སོགས་པའི་དོན་དག་དེ་རྣམས་ངའི་ཀླད་པའི་ནང་དུ་བརྗེད་ཐབས་མི་འདུག་གསུང་བ་དང་། རྗེས་སུ་མཽད་གལ་གྱི་བུ་དང་ཤཱ་རིའི་བུ་གཉིས་འདས་དུས། ཀུན་དགའ་བོས་ཀྱང་སངས་རྒྱས་ལ། ངས་མཽད་གལ་གྱི་བུ་དང་ཤཱ་རིའི་བུ་གཉིས་འདས་སོང་བའི་དོན་དེར་འདང་བརྒྱབ་སྟེ་རང་གིས་རང་ལ་ཚོད་འཛིན་མི་ཐུབ་ཅིང་ངའི་ཀླད་པའི་ནང་ནས་འཇིགས་སྐྲག་དེ་ཡལ་རྒྱུ་མི་འདུག་ཅེས་ཞུས་སོང་། སྐབས་དེར་སྐད་སྒྱུར་བས་དུས་རྒྱུན་རང་གི་བཤད་ལུགས་ལྟར་བསྒྱུར་པ་ཡིན་ནམ། ཡང་ན་གློག་བརྙན་རང་དུ་དེ་ལྟར་ཡོད་པ་ཡིན་ནམ། ཡང་ན་སངས་རྒྱས་ཁོང་གིས་ཤེས་པ་གཙོ་བོ་དེ་ཀླད་པར་གནས་པར་བཞེད་པ་གང་ཡིན་ནམ་དྲན་བྱུང་།

—རྒྱལ་བུ་དོན་གྲུབ་དང་ས་འཚོ་མ་གཉིས་སེར་སྐྱ་གྲོང་ཁྱེར་གྱི་མཁར་གྲོང་གསར་བ་སྟེ་འབངས་མི་ཉམ་ཐག་རྣམས་སྡོད་སར་ཕེབས་དུས། ས་དེའི་མི་རྣམས་ཀྱིས་ང་ཚོ་བོད་ཀྱི་རྩམ་པ་འཐག་བྱེད་རྡོའི་ལག་བསྐོར་དེ་འདྲ་ཞིག་སྐོར་བཞིན་འདུག་པས། སྔོན་ཆད་བོད་ནས་རྒྱ་གར་ལ་དར་བའམ་རྒྱ་གར་ནས་བོད་དུ་དར་བ་གང་ཡིན་རུང་གནའ་དུས་འཕྲུལ་རིགས་ཀྱིས་ཕན་ཚུན་ས་ཐག་ཉེ་བར་གཏོང་བའི་ཐབས་མེད་དུས་ཀྱང་མིའི་རིགས་ཀྱི་བཟོ་ལས་ཐོན་རྫས་རྣམས་ཁྱབ་གདལ་དུ་སོང་བ་རྒྱ་ཆེ་ཨང་དྲན་སོང་།

—རྒྱལ་བུ་དོན་གྲུབ་དང་ས་འཚོ་མ་གཉིས་ཀྱིས་གཉེན་སྒྲིག་སྐབས་ལྷས་བྱིན་གྱིས་ས་འཚོ་མར་འཕྱུགས་ནས་བུ་མོ་ཞིག་བཙན་ཁྲིད་བྱས་ཤིང་ས་འཚོ་མ་མིན་པ་ཤེས་རྗེས་ཁང་བ་དང་ལྷན་དུ་མེར་བསྲེགས། གཉེན་སྟོན་གྱི་མཛད་སྒོ་ལེགས་པར་གྲུབ། ཚོམས་ཆེན་དུ་རྒྱལ་དོན་ཚོགས་འདུ་འཚོགས། དེའི་ཡང་རྗེས་སུ་རྒྱལ་བུ་དོན་གྲུབ་དང་ས་འཚོ་མ་གཉིས་སྤྲོ་འཆམ་ལ་སེར་སྐྱ་གྲོང་ཁྱེར་གྱི་ས་ཆ་ཡོངས་ལ་འགྲོ་བའི་ལམ་ཁར། ལྷས་བྱིན་གྱིས་བསྲེགས་པའི་ཁང་བ་དེ་ད་དུང་ཡང་དུ་བ་ལིང་ལིང་བསྡད་པ་ནི་གློག་བརྙན་ནང་གི་དུས་ཚོད་ཀྱི་བྱུང་རིམ་ལ་སྐྱོན་ཞིག་ཤོར་མེད་དམ་དྲན་སོང་།

—རྒྱལ་བུ་དོན་གྲུབ་ལམ་ཁར་རིགས་ངན་ཞིག་གི་ཤིང་རྟའི་འཁོར་ལོ་འདམ་ལ་ཟུག་པར་འཕྲད་དུས། བྲམ་ཟེ་ཞིག་དང་རྩོད་པ་བྱུང་ནས་བྲམ་ཟེའི་རྐང་བ་རྨས་པར་གཟིགས་ཏེ་སྔུན་ལ་རང་ཉིད་ཀྱི་མགོ་ཐོན་པར་བྱས་ཏེ་ད་གཟོད་གཞན་ལ་སྐྱབས་དགོས་པ་རེད་ཅེས་ལན་གནང་བ་དེ་ནི། ང་ཚོའི་བཤད་རྒྱུན་དུ། ཁ་ཆེ་བ་ཞིག་གིས། བོད་པའི་བླ་རྒན་ནམ་སྔགས་རྒན་གང་རུང་ཞིག་གིས་གཞན་ལ་གཡང་འབོད་བྱེད་པར་བལྟས་ཏེ་བཤད་པ་རེད་ཅེས་པའི་སྐད་ཆ་དེ་དང་ཨ་ན་མ་ན་རེད་འདུག སྐད་ཆ་དེའི་ཁུངས་དངོས་དེ་འདི་མིན་ནམ་སྙམ་སོང་།

—རྒྱལ་བུ་དོན་གྲུབ་ཀྱིས་འཇིག་རྟེན་གྱི་གནས་ལུགས་མང་བོ་ཞིག་དང་བོ་ནས་མི་མཁྱེན་པ་མཚོན་བྱེད་དུ་དགོང་ལོ་ཆེན་པོ་ཆགས་ནས་གསར་ཚད་ལོངས་བསྡད་དུས་ཀྱང་མི་རྣམས་ལ་རྒས་རྒྱུ་དང་འཆི་རྒྱུ་ཡོད་པ་མཁྱེན་མེད་པར་ཡུམ་སྐྱེ་རྒུའི་བདག་མོ་དང་ས་འཚོ་མ་སོགས་ལ་འཚབ་འཚུབ་དངངས་དངངས་ཀྱིས་དྲི་དགོས་པ་དེ་ཅུང་ཐལ་ཆེ་བ་ཞིག་བསྒྱུར་འདུག་འདྲ་དྲན་བྱུང་།

—ལྷས་བྱིན་གྱི་ཨ་མ་འཁྲབ་མཁན་མི་སྣ་བརྗེས་པས་མི་སྣ་དེའི་སྐྱུག་བྲོ་བའི་ངན་གཤིས་གསོན་ཉམས་བཏོད་པ་དེ་མངོན་གསལ་དུ་མེད་པར་གྱུར་སོང་བསམས།

—རྒྱལ་བུ་དོན་གྲུབ་སངས་རྒྱས་པ་ནས་སྐད་སྒྱུར་བས་སངས་རྒྱས་ཀྱི་གསུང་སྟངས་ནི་བརྙན་ནང་ལ་འཆར་བཞིན་པ་གང་དེས་གསུང་བཞིན་པ་མ་ཡིན་པར་གཞན་ཞིག་གིས་གང་དེ་མཚམས་སྦྱོར་བྱེད་པ་ལྟར་བསྒྱུར་པས་སྔར་གྱི་བྲོ་བ་དེ་མེད་པ་ཆགས་སོང་བའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་བྱིན་སོང་།

—ང་ཚོས་ལྷས་བྱིན་ལ་བདུད་ལྷས་བྱིན་ཅེས་འབོད་ལ་རྣམ་ཐར་འདིར་རྒྱལ་སྲས་ལྷས་བྱིན་དང་དགེ་སློང་ལྷས་བྱིན་ཅེས་འབོད། ཁོས་སངས་རྒྱས་ལ་བར་ཆད་ཐེངས་མང་བཏང་བས་བདུད་བཏགས་པ་རེད་ལ། དེའང་བོད་ཀྱིས་བཏགས་པ་ཞིག་མ་ཡིན་པར་སངས་རྒྱས་བཞུགས་པའི་སྐབས་དེ་དུས་ཐོགས་པ་ཞིག་ཡིན་ཚེ་རྣམ་ཐར་འདིར་ལྷས་བྱིན་གྱི་མིང་གི་ཕྱེད་ཀ་ཐེངས་གཅིག་ལའང་མི་གླེང་བས་བདུད་ཅེས་པ་ཆད་འདུག རེད་དེ་ལྷས་བྱིན་ནི་རང་གི་ཨ་མའི་ཧམ་སེམས་དང་ཕྲག་དོག བརྣབ་སེམས་གནོད་སེམས་ཡོད་ཚད་ཀྱི་སྐུལ་ལྕག་འོག་འཚར་ལོངས་བྱུང་ཞིང་དེའི་ཤུགས་རྐྱེན་ཐེབས་དྲགས་པས་ཁོར་ཁོའི་ཨ་མས་བསྩལ་པའི་སྨྱོ་ཧམ་དེས་རང་གི་རང་སྟོབས་ཀྱིས་བྱ་བར་བཟང་ངན་དབྱེ་འབྱེད་ཀྱི་སྐབས་སྐད་ཅིག་ཙམ་ཡང་མི་སྟེར་བར་ལམ་དེ་འདྲར་བརྫངས་སོང་བ་ལས། རྒྱལ་བུ་དོན་གྲུབ་དང་རྩལ་འགྲན་དུས་ཁོས་ཁོའི་ཕ་མ་གཉིས་ཀྱི་ངན་གཡོ་ལྐོག་བཅོས་དང་ལེན་མ་བྱས་པར་ང་ལ་རྒྱལ་ཁ་དེ་འདྲ་གཏན་ནས་མི་དགོས། ང་ལ་རང་གི་ནུས་པ་ལས་ཐོབ་པའི་རྒྱལ་ཁ་དགོས། ཞེས་ངོ་རྒོལ་བྱས་པ་དང་། དམག་འཁྲུགས་སྐབས་སུའང་ཁོར་རྒྱལ་བུ་དོན་གྲུབ་དགྲོང་བའི་གོ་སྐབས་ལྡན་བཞིན་དུ་ཁོས་ཤཱཀྱའི་རིགས་ཀྱི་ལ་རྒྱ་བསམས་ཏེ་མདའ་མོ་དབུ་ཞྭ་ལ་ཕོག་ཏུ་བཅུག་པས་ཁོའི་ལྷན་སྐྱེས་ཀྱི་དྲང་གཤིས་དངོས་དེ་ཐེངས་གཅིག་མངོན་སོང་བར་འདོད།

—སྐབས་རེར་གློག་བརྙན་ནང་གི་ལྷས་བྱིན་གྱི་སྟེང་དུའང་ཚིག་པ་ཟ་བ་དེ་འདྲ་འོང་བས་ལྷས་བྱིན་ནི་བདུད་ཡིན་པ་གཞིར་བྱས་བདུད་ཀྱི་སྟེང་དུ་སྡང་སེམས་སྐྱེ་བ་དང་ཁོང་ནས་ཁྲོས་ཏེ་དམོད་པ་བོར་བ་དང་སྨད་པ་བྱེད་པ། དེའི་མིང་གིས་གཞན་ལ་སྡིགས་ར་གཏོང་སྤྱད་བྱས་ཚེ་སྡིག་པར་མི་འགྱུར་གྲང་སྙམ་པའི་དྲི་བ་ཞིག་ཀྱང་བསླེབས་པ་དང་འགྱུར་ན་ལྷས་བྱིན་ལ་དམོད་པ་ཇི་སྙེད་ཅིག་མཐོང་ཞིང་རང་ཡང་དེར་ཐེ་ཞིང་རྣམ་ཐར་གློག་བརྙན་འདི་ཡང་མཇལ་བའི་མགོ་བརྩམས་པ་ནས་མཇུག་བསྡུ་བའི་བར་ཕྱོགས་རིས་དང་ཞེ་སྡང་གིས་བསྐྱལ་པ་ཕྱིར་དྲན་བྱས་རྗེས་གཟོད་ངེས་པ་ཞིག་བྱུང་།

—སངས་རྒྱས་ནགས་ཁྲོད་དུ་ཕེབས་དུས་བུད་མེད་ཅིག་འཚོལ་བའི་མི་གཉིས་དང་འཕྲད་དུས། སངས་རྒྱས་ཀྱི་སྐད་སྒྱུར་བས་བུད་མེད་དེ་བརྗོད་སྐབས།“ཁོ་མོ།”ཞེས་བོད་སྐད་ལོག་པར་སྨྲ་སོང་། སྤྱིར་ན་ཁོ་མོ་ཞེས་པ་ནི་བུད་མེད་ཅིག་གིས་རང་ཉིད་སྟོན་པ་ཁོ་ན་ལས་གཞན་དུ་མི་འཇུག་ནའང་དེང་སང་ལོག་པར་འཁོལ་མཁན་ཧ་ཅང་མང་མོད། ནོར་བ་ནི་ནམ་ཡང་ནོར་བ་ཡིན་པས་འདིར་དེ་འཁོལ་མཁན་མང་བ་རྒྱུ་མཚན་དུ་གཏན་ནས་འཛིན་མི་རུང་བར་བསམས།

—སངས་རྒྱས་ཀྱིས་དགེ་སློང་སྒྲུབ་དུས་རིགས་རུས་ཀྱི་ཐད་ནས་དོགས་འདྲི་མི་གནང་ཞིང་ཐ་ན་མི་སྡུག་པ་སོར་ཕྲེང་ཅན་ལའང་ལས་ཅི་བགྱིས་ལ་དོགས་འདྲི་མེད་པར་དགེ་སློང་སྒྲུབ་སོང་། དགེ་སློང་སྒྲུབ་པ་རྣམས་ཀྱི་མིང་ཡང་འགའ་རེ་མ་གཏོགས་མ་བརྗེས་པའམ་ཡང་ན་གློག་བརྙན་ལས་མིང་སྔོན་མ་དེ་ཁ་ལ་བྱང་རྐྱེན་སྐད་སྒྱུར་བས་དེ་བརྗོད་པ་གང་ཡིན་ཅི་ཆ། ཀུན་དགའ་བོ། ལྷས་བྱིན་ཅེས་སྔོན་གྱི་མིང་རང་སོར་འབོད་ལ། ཆོ་ག་ཡང་མང་བོ་གདོན་རྒྱུ་མི་འདུག སྐྱབས་འགྲོ་རྗེས་བཟློས་ཤིག་བྱས་པས་ཆོག་འདུག བོད་དུ་རབ་བྱུང་སྒྲུབ་དུས་མགར་བ་དང་ཤན་པའི་བུ་མ་ཡིན་ནམ་ཞེས་དོགས་འདྲི་གནང་ཞིང་མིང་ཡང་བརྗེས་ལ་ཆོ་ག་ཡང་གདོན་རྒྱུ་མང་ཙམ་གདའ། དེ་ནི་གནད་དོན་ཆེན་པོ་ཅང་ཡིན་རྒྱུ་མ་རེད་དེ། གང་ལྟར་དེ་གཉིས་ལ་མ་འདྲ་བའི་ཆ་ཞིག་མཐོང་སོང་།

—སངས་རྒྱས་ཀྱིས་ཐོག་མཐའ་བར་གསུམ་དུ་སེམས་ཅན་རྣམས་ལ་ཆོས་མཐའ་དག་གི་ཆོས་ཉིད་དམ་གནས་ལུགས་སམ་གཤིས་ལུགས་ཁོ་ན་གསུངས་ཏེ་ཐར་ལམ་དུ་དཀྲི་བ་དང་། ད་དུང་དགེ་སློང་འོད་སྲུང་དེ་ཉིད་བྲམ་ཟེ་ཡིན་དུས་མཚེའུའི་འགྲམ་དུ་འོད་སྲུང་ངམ་བྲམ་ཟེ་དེར། མཚེའུ་དཔེར་བླངས་ཏེ་མི་རྣམས་མཚེའུའི་ཕ་རོལ་དུ་བགྲོད་པ་ལ། རྐྱལ་ནས་འགྲོ་བ་དང་གྲུ་གཏང་བ་གང་ཡང་མ་བྱས་པར། དེའི་ཆེད་དུ་མཆོད་སྦྱིན་བྱེད་པ་དང་སྨོན་ལམ་བཏབ་བསྡད་ན་ཕ་རོལ་དུ་བགྲོད་ཐུབ་བམ་ཞེས་དོགས་འདྲི་གནང་སོང་ལ། བྲམ་ཟེ་རྣམས་ནི་དེ་ལས་ལྡོག་སྟེ་མི་ཚོའི་བགེགས་བར་ཆད་བཟློག་པར་སྦྱིན་སྲེག་བྱེད་པ་དང་མགོར་བགེགས་གཏོར་བསྐོར་པ་རྒྱུན་མི་ཆད་པར་བྱེད་པ་དེ་ནི་ད་ལྟའི་རང་རེའི་སྦྱིན་སྲེག་བྱེད་སྟངས་དང་མགོར་བགེགས་གཏོར་བསྐོར་ལུགས་དེར་ཧ་ཅང་འདྲ་བའི་ཆ་ཡོད་པར་བསམས།

—ཀུན་དགའ་བོས་འདས་དོན་ཕྱིར་དྲན་བྱས་ཏེ་པདྨ་དཀར་བོའི་མདོ་ཞེས་པ་དེ་ཐོགས་ཚུལ་གླེང་སྐབས་སུ། སངས་རྒྱས་ཀྱིས་ངས་བརྗོད་པ་ངག་ལ་བརྟེན་ནས་སེམས་ཅན་ལ་ཆོས་བསྟན་པ་ཡིན་མོད་སྐབས་རེར་ངག་ལ་བརྟེན་ནས་བརྡ་སྤྲོད་མི་ཐུབ་པ་རྣམས་ནི་ཕྱིའི་རྣམ་པས་བརྡ་སྤྲད་པ་ཡིན་གསུང་བས་སངས་རྒྱས་ལའང་སེམས་ཅན་གཞན་པར་བརྡ་སྤྲོད་དཀའ་བ་བྱུང་ན། ང་ཚོ་སོ་སྐྱེས་རྣམས་ལ་བརྗོད་པ་ངག་གིས་བརྡ་སྤྲོད་མི་ཐུབ་པར་ལྐུགས་འགྲོ་བའི་དོན་དག་འབྱུང་རྒྱུ་ཡོད་པ་ལ་ཅི་ཁག་ཨང་དྲན་བྱུང་།

—རྒྱལ་བུ་དོན་གྲུབ་དང་སྲས་མོ་ས་འཚོ་མ།

ཡུམ་སྐྱེ་རྒུའི་བདག་མོ་གསུམ་གྱི་སྐད་སྒྱུར་བས་སྒྲ་གཅན་འཛིན་གྱི་མིང་ནས་འབོད་དུས་སྐབས་མང་བོར། སྒྲ། གཅན་འཛིན། ཞེས་ཚེག་ཁྱིམ་གསུམ་ག་སོ་སོར་ཕྲལ་ནས་འབོད། སངས་རྒྱས་ཀྱི་སྐད་སྒྱུར་བས་ཏིང་ངེ་འཛིན་ཞེས་པར། ཏིང་། ངེ་འཛིན། ཞེས་ཡང་ཡང་བརྗོད། འདུན་པ་དང་བློན་ཆེན་གཉིས་སངས་རྒྱས་སེར་སྐྱ་གྲོང་ཁྱེར་ལ་གདན་འདེན་པར་ཡོང་དུས། སངས་རྒྱས་ཀྱི་སྐད་སྒྱུར་བས། ཡུམ་སྐྱེ་རྒུའི་བདག་པོ་དང་ཡབ་རྒྱལ་བོ་ཟས་གཙང་གཉིས་བདེ་འམ། སྒྲ། གཅན་འཛིན་ཁོ་བདེ་འམ། ཞེས་སྔར་བཞིན་ཚེག་ཁྱིམ་ཕྲལ་ནས་ལོག་པར་བརྗོད་སོང་བ་དང་། ཡུམ་སྐྱེ་རྒུའི་བདག་མོ་ཞེས་པའི་ཚབ་ཏུ་ཡུམ་སྐྱེ་རྒུའི་བདག་པོ་ཞེས་ཀྱང་བརྗོད་སོང་བ་ལྟ་བུ་གཟབ་ནན་མ་ཡིན་པའི་ཆ་འགའ་རེ་སྣང་།

—རྒྱལ་བུ་དོན་གྲུབ་སེར་སྐྱ་གྲོང་ཁྱེར་གྱི་མཁར་གྲོང་གསར་བར་གཟིགས་བསྐོར་ལ་ཕེབས་ལམ་དུ་རིགས་དམན་གཉིས་ཀྱིས་རང་གི་རྐུབ་ལ་རྨ་བྱའི་སྒྲོ་བཙུགས་ཏེ་དེས་སོ་སོའི་རྐང་རྗེས་བསུབ་ནས་འགྲོ་བ་དེ་མཐོང་བས་རྒྱ་གར་གྱི་རིགས་རུས་མཆོག་དམན་གྱི་གོམས་སྲོལ་དེའི་ཆ་ཨེན་ཙམ་ཞིག་ང་ཚོའི་སར་ཡང་འགོས་མེད་དམ་སྙམ་པ་དྲན་ཡོང་སྟེ་མི་རྣམས་ཀྱིས་ཁྱིམ་རྒྱུད་མི་གཙང་བའམ་བཙོག་པར་བལྟ་བའི་ཁྱིམ་དེར་ཁྱིམ་མཚེས་བྱས་ཏེ་ཁྱིམ་དེའི་དུ་བ་རླུང་གིས་རང་གི་མི་དང་སྦྲ། སྒོ་ཁའི་ནོར་ལུག་གི་སྟེང་ཕོག་ནའང་རྣམ་རྟོག་ཟ་ཞེས་རུ་བ་སྤར་ནས་བྲོས་སོང་བའི་གཏམ་རྒྱུད་ཡོད་པ་དང་མནའ་མ་དང་མག་པ་ལེན་པར་ད་ལྟ་ཡང་ད་དུང་ཧ་ཅང་འཛེམས་སྲོལ་ཡོད་པ་དེ་ནི་འདི་ལས་མཆེད་པ་མིན་ནའང་དེ་དང་ཆ་འདྲ་བར་འདོད་སོང་།

—འདུན་པ་དང་བློན་ཆེན་གཉིས་སངས་རྒྱས་སེར་སྐྱ་གྲོང་ཁྱེར་ལ་གདན་འདྲེན་པར་ཡོང་དུས། བློན་ཆེན་གྱིས་སངས་རྒྱས་ལ། སངས་རྒྱས་ལགས། ང་རང་ཁྱེད་ཀྱི་མདུན་དུ་དགེ་སློང་སྒྲུབ་ན་ཆོག་གམ། ང་ཁྱེད་ཀྱི་འཆིང་རྒྱ་ལས་ཡོངས་སུ་ཐར་སོང་། ཞེས་སྐད་ཆ་ཁྱད་མཚར་བོ་ཞིག་བཤད་སོང་སྙམ་པ་ཞིག་བྱས་སོང་མོད་ཁོམ་མ་ཁོམ་གྱི་བར་གླགས་ནས་གསལ་བོར་མ་ངེས་ཤིང་བསྐྱར་བལྟ་བྱ་རྒྱུར་ཁོམ་ལོང་མ་བྱུང་བས་བསྐྱུར་བཞག

—ལྷས་བྱིན་རྒྱལ་བོ་མ་སྐྱེས་དགྲའི་གམ་དུ་ཡོང་ནས། ལྷས་བྱིན་རང་གིས་སངས་རྒྱས་ལ་བཅངས་པའི་འགྲན་སེམས་དང་ཞེ་འཁོན་སྟོན་སླད།“དོན་གྲུབ་ལ་ཤ་འཁོན་རྩོད་མཁན་དེ་ང་ཡིན། ཁོ་ངའི་ལག་ནས་ངེས་པར་འཆི་དགོས།”ཞེས་བརྗོད་སོང་། གཅིག་ཐང་ན་བོད་པའི་གློག་བརྙན་སྐད་སྒྱུར་བ་འདི་ཚོས་རྟག་ཏུ་དགྱ་ནག་གི་གློག་བརྙན་ཤ་འཁོན་རྩོད་པ་ཅན་པོ་རྐྱང་རྐྱང་བསྒྱུར་བསྡད་པའི་ཤན་ཤུགས་ཤིག་ཡིན་ཡང་སྲིད་མོད། གང་ལྟར་བོད་སྐད་དུ། “ཤ་འཁོན།”དང་།“འགྲན་སེམས།”གཉིས་ལ་ཁྱད་པར་ཆེན་པོ་ཡོད་པས། སྤྱིར་ཡིན་ན་འདི་འདྲའི་གློག་བརྙན་གྲགས་ཅན་བོད་སྐད་དུ་བསྒྱུར་དགོས་ཚེ་ཆེས་མ་མཐའི་རྨང་གཞི་ལྟ་བུ་བོད་སྐད་ཀྱི་བྱང་ཚད་ངེས་ཅན་ལྡན་ཅིང་ཚོད་ལྟའི་ཁྲོད་ནས་ལེགས་འགྲུབ་ལ་ངང་སྒུག་བྱ་མི་དགོས་པ་ཞིག་ཡིན་དགོས་ཨང་དྲན་བྱུང་།

—རྒྱ་གར་དུ་གུས་བཀུར་བྱེད་དུས་ཞྭ་ཕུད་པའི་སྲོལ་མེད་པ་ཡིན་ནམ་གློག་བརྙན་འདིར་སྲོལ་དེ་འདྲ་མི་འདུག ང་ཚོས་གུས་བཀུར་བྱེད་དུས་ཞྭ་ཕུད་པ་དང་། གུས་སྲོལ་མེད་པའི་དཔེ་འཇོག་ཏུ་ཁ་དཔེར་ཡང་། “ཤཱཀྱ་ཐུབ་པར་ཐུག་ན་ཞྭ་མི་ཕུད།། གླང་ཆེན་སྨྱོན་པར་ཐུག་ན་ལམ་མི་གཟུར།།”ཟེར་བའི་བཤད་རྒྱུན་ཡོད་མོད་རྣམ་ཐར་གློག་བརྙན་འདི་ལ་བལྟས་ན་གུས་སྲོལ་དེ་ནི་ང་ཚོ་བོད་ཀྱི་གུས་སྲོལ་ཞིག་ལས། དེ་ནི་རྒྱ་གར་ནས་ནང་ཆོས་དང་འགྲོགས་ནས་ཡོང་བ་ཞིག་མིན་ས་རེད་དྲན་སོང་བ་དང་། གཞན་ཡང་ང་ཚོའི་ཕྱག་འཚལ་ལུགས་འདི་ཡང་སངས་རྒྱས་ཀྱི་ཆོས་དང་འགྲོགས་ནས་ཡོང་བ་ཞིག་མིན་སྣང་བྱིན་སོང་། རྣམ་ཐར་འདི་ལས་རྒྱ་གར་བའི་ཕྱག་བྱ་ལུགས་དེ་ང་ཚོ་དང་གཏན་ནས་མི་མཐུན་པ་ཞིག་འདུག ཐལ་མོ་སྦྱར་ལུགས་ལའང་བོད་པས་ཐལ་མོ་ཁོང་སྟོང་སྦྱར་དགོས་པ་དང་ཁོང་སྟོང་ནི་སྟོང་ཉིད་མཚོན་བྱེད་ཅིག་ཡིན་ལུགས་དང་ཐལ་མོ་ལེབ་སྦྱར་ནི་ཕྱི་རོལ་པའི་ཐལ་མོ་སྦྱར་ལུགས་ཡིན་གསུང་མོད་རྣམ་ཐར་གློག་བརྙན་འདི་ལས་ཐལ་མོ་ལེབ་སྦྱར་བྱེད་ཀིན་འདུག་པས་གཅིག་བྱས་ན་གློག་བརྙན་ནང་ལ་ཞིབ་ཆ་དེ་འདྲ་མ་ཐོན་པ་དང་། དེ་མིན་ཚེ་བོད་པ་ནི་མཚོན་དོན་སྤྲོ་བའམ་འགྲེལ་བར་དགའ་བས་སམ་ཡང་ན་མ་ངེས་པའི་ཆ་ཞིག་མིན་འགྲོ་བསམས་སོང་།

Leave a Reply