ནམ་ཟླ་སྟོན་མཇུག་གི་གླུ།

འཆི་མེད།

ནམ་མཁའ་འདེགས་པའི་ཀ་བ་མིན་ཡང་སྤྲིན་པའི་རྒྱུ་ལམ་ལམ་སེ་བཅད།།
ཁ་དཀར་རྐྱང་ཆུང་ལྷོ་ནས་ཤི་ཡང་མགོ་བོ་བྱང་ལ་ཅིའི་ཕྱིར་གཏད།།
མ་མཐོང་སྒྲོས་ཤོབ་འུར་སྒྲ་ཙམ་གྱིས་སྒང་གཤོང་མ་ལུས་བཤངས་པའི་དུས།།
སྟོན་གྱི་གླུ་ཆུང་ངག་ཏུ་གྱེར་ཏེ་རང་སེམས་ཉི་མ་གསལ་བར་བྱ།།

མཐོན་པོའི་གངས་ཀྱི་སེང་གེ་དཀར་མོས་གཡུ་རལ་གསིག་པའི་ངར་སྒྲ་དང་།།
ལྷོད་མོ་གཤིས་འཇམ་བལ་དཀར་ཁ་ཆུ་གང་ལ་མངའ་བའི་མི་དབང་རྣམས།།
གཅིག་ལས་གཅིག་སྔ་ཡལ་བར་གྱུར་པས་ད་ནི་སྟོན་གྱིས་བསྩལ་པའི་གླུ།།
ལྕང་ལོ་ལྷས་མའི་ལན་བུ་ཅན་གྱིས་མིག་ཟུར་ཞིག་ཏུ་བསྡུ་དགོས་སམ།།

སེམས་འདི་ལོ་མ་རླུང་བཞོན་ཅིག་སྟེ་གར་འགྲོ་རང་ལ་མི་དབང་ཞིང་།།
ལུས་འདི་གློ་རྡེག་འཇའ་རིས་ཙམ་སྟེ་ནམ་ཞིག་ཡལ་མིན་ཆ་མི་འཚལ།།
སེར་གས་བཟུང་བའི་ཕོར་བ་རལ་པོ་སུ་ཡིས་མགར་བ་གང་ལ་སྟོན།།
ད་ནི་ས་གཞི་རིལ་མོའི་རྒྱབ་ལ་མི་འགྱུར་གཟེར་ཞིག་ཅི་ལྟར་བརྡབ།།

རྐང་པ་སྤོ་འདོད་ལམ་ལ་བུད་ན་ལྕགས་ཀྱི་ཚེར་མའི་རྩེ་མོ་གཟེངས།།
ལག་པ་གཡུག་འདོད་ཕུ་ཐུང་བརྫེས་ན་ཁ་ཆར་དྲག་པོས་གསོན་པགས་བཤུ།།
མགོ་བོ་དགྱེ་འདོད་སྡང་མིག་བགྲད་འདོད་འདོད་པའི་སེམས་དཔངས་མཐོ་ན་ཡང་།།
རང་ལུས་ལྕགས་ཚེར་སྒྲོམ་བུའི་ནང་ན་འགུལ་མེད་ལུས་པ་སུས་མ་མཐོང་།།

མ་རྙིང་ཀ་མ་ལ་ཡི་འདབ་མས་འཛུམ་ཆུང་ལང་ཚོ་ངོམ་པ་ལ།།
མི་གཙང་འདོར་བའི་སྦྲང་ནག་ཚོགས་ནི་མ་བོས་རབ་རིབ་གཤོག་རྡེབ་བྱེད།།
ཟེའུ་འབྲུ་གཙང་མ་དྲི་མས་མ་གོས་དོན་མེད་རྨོངས་པས་མགོ་ཡོམ་འཁོར།།
ད་ཀོ་བ་མོ་དཀར་མོའི་འོ་མ་ཁྱི་ལ་ལྡུད་དམ་ས་ལ་འབྱོ།།

མ་ལ་ཡ་ཡི་ནགས་ཀློང་དཀྱིལ་ནས་དར་དཀར་བཀླུབས་ཏེ་ཕེབས་པ་ལགས།།
མ་ཕམ་གཡུ་མཚོ་འཕྱོ་བའི་ངོགས་ནས་གླིང་བུ་འབུད་ཀྱིན་མངོན་པ་ལགས།།
མཚམས་རེར་མཇལ་ཞིང་སྐབས་རེར་ཡལ་བའི་ངེས་མེད་སེམས་ཀྱི་འཆར་སྣང་ལགས།།
ཉིན་མཚན་ཀུན་ཏུ་དྲན་པ་སྐྱོམ་པའི་དབྱངས་ལྡན་འཕང་ལ་འགྲོ་མ་ལགས།།

མ་བསམ་འཁོར་བའི་རྩེད་ཆས་ཡིན་པའི་བདག་གི་སེམས་ནི་རྨི་ལམ་འདྲ།།
ལྷང་ལྷང་སྒྲ་ཡིས་རྣ་དབང་བཅིངས་པའི་དྲི་ཟའི་ཁམས་ཀྱི་འཇིག་རྟེན་དུ།།
སྤྲིན་ལ་བཅིབས་སྙམ་གློ་བུར་བསླེབས་སྙམ་དྲི་ཡི་པདྨར་རོལ་དགོས་སྙམ།།
གང་འདི་ཅི་ཆ་མེད་པའི་ངང་ནས་མི་ལོ་ག་ཙམ་གང་ལ་འཕུར།།

དེ་ནི་མི་ཚེའི་ཁམས་ལ་འཐིམས་ཤིང་རང་སེམས་ལྷོད་པའི་འཆར་སྒོ་འོ།།
སེམས་ཀྱི་འགྱུ་བ་རང་དགར་ཡན་ན་མི་དྲན་དགུ་དྲན་ཐོ་སྤྱོད་དེ།།
ལས་ཀྱི་བསྐོས་ཐང་སེམས་ཀྱི་དྲན་སྟངས་ཅི་ཡང་མིན་ལ་གང་ཡང་ཡིན།།
འདི་ནི་སྣ་གླུ་ཟ་ཟི་ཞིག་གིས་རང་སེམས་གསོ་བའི་ཆོ་ག་ལགས།།

ལས་དང་ལམ་གྱི་བཀོད་པ་མ་ངེས་ཁ་ཅིག་མདུན་རྒྱབ་བསྣོལ་ནས་བཞུད།།
སྟེས་དང་གར་གྱི་དབང་དུ་བསྐུར་ཏེ་སྣ་ཚོགས་ངག་གི་སྒྲོས་ཙམ་ཞིག།
མི་སྙན་གཞས་ཀྱི་སྟངས་སྟབས་འཁྱོར་ཀྱང་རང་ཉིད་མོས་པའི་གཤིས་སུ་ཤོར།།
མཛའོ་བརྩེ་བ་དཀར་པོའི་ཕྱག་གིས་བདག་རང་གཏན་དུ་མི་གློད་རོགས།།

༢༠༡༧.༡༠.༨ཉིན།

Leave a Reply