ཨ་ནུ་རིང་ལུགས་ཀྱི་གླུ་གཞས༼ འཕུར ༽ཞེས་པ་ལ་དཔྱད་པ།

ཁྲི་སྨྱུག་དགའ་ཡིས་བརྩམས།

གཞས་འདི་ནི་གསར་སྐྱེས་གླུ་བ་ཨ་ནུ་རིང་ལུགས་ཀྱིས་མི་རིགས་རང་གི་སྐད་ཐོག་ནས་བླངས་པའི་དེང་རབས་གླུ་གཞས་ཀྱི་གྲུབ་ཆ་དང་རང་བཞིན་ལྡན་པའི་གཞས་ཤིག་རེད་ལ། གཞས་འདིར་རྒྱལ་ཁབ་ཕྱི་ནང་ཀུན་གྱི་བོད་པ་མང་པོས་དགའ་བསུ་ཆེན་པོ་ཐོབ་ཅིང་། ལྷག་ཏུ་བོད་ཀྱི་ན་གཞོན་ཕོ་མོ་དག་གིས་དགའ་བསུ་དང་གདེང་འཇོག་ཆེན་པོ་གནང་ཡོད་པ་རེད།

སྤྱིར་ན་བོད་མི་རིགས་ནི་གླུ་གར་གྱི་རྒྱ་མཚོ་ཞེས་གྲགས་ལ། སྒང་པ་བོད་ཀྱི་ཡུལ་གྲུ་སོ་སོ་ན་རྣམ་པ་དང་ཁྱད་ཆོས་མི་འདྲ་བའི་བྲོ་དང་གཞས། གར་དང་ཤགས་སོགས་ཀྱིས་སྒོ་ཀུན་ནས་ཕྱུག་པའི་མི་རིགས་ཤིག་ཡིན། དཔེར་ན། འབྲོག་པའི་སྡེ་ལ་རང་གི་འཚོ་བ་མཚོན་པའི་གླུ་གར་དང་རོང་པ་ལ་རོང་པའི་ཁྱད་ཆོས་ལྡན་པའི་གླུ་གར་བྲོ་གསུམ་ཡོད་པ་རེད། ཐ་ན་ལ་ཁའི་རྫི་གླུ་དང་ཞིང་པའི་གྱང་གླུ། ཕོ་མོའི་མཛའ་གླུ། བླ་མའི་མགུལ་གླུ་སོགས་ཧ་ཅང་ཕུན་སུམ་ཚོགས་པའོ། །

དེར་བརྟེན། བོད་པ་གང་དུ་ཡོད་ན་དེ་རུ་གླུ་གར་བྲོ་སོགས་ཀྱི་བལྟམས་ཡོད་ཅིང་། དཔེ་མཚོན་ཙམ་དྲངས་ན་ཁྲིན་ཏུའུ་བོད་ཁྲོམ་ན་དགོང་མོ་ཕྱོགས་མཚམས་ནས་ཕེབས་པའི་བོད་པ་ཚོ་མ་གྲོས་རང་མཐུན་གྱིས་ལྷན་དུ་འཛོམས་ནས་སྐོར་བྲོ་འཁྲབ་པ་དང་། ཉི་མ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་གི་ཟུར་དུ་སྟོད་སྨད་བར་གསུམ་ནས་ཕེབས་པའི་བོད་པ་ཚོས་ལྷན་ཅིག་ཏུ་སྐོར་བྲོ་འཁྲབ་པ་ལྟ་བུ་རེད། དེ་དག་ལའང་ལོ་ན་རྒས་གཞོན་དང་ཕོ་མོ། དབུལ་ཕྱུག་དང་གཟུགས་བྱད་སོགས་ཀྱི་ཁྱད་པར་མེད་ལ། དེ་དག་གི་མ་བཅོས་པའི་འཛུམ་མདངས་དང་སེམས་ཁོང་གི་སྤྲོ་སྐྱིད། ལྷད་མེད་ཀྱི་གཤིས་ཀ་སོགས་ཀྱིས་ཕྱོགས་གཞན་ནས་ཕེབས་པའི་ཡུལ་སྐོར་བའི་སེམས་སུ་ཉི་ཟླའི་པང་ན་འཚོ་བའི་སྒང་པ་བོད་ཀྱི་ཐུན་མིན་གྱི་ངོ་བོ་དང་མཚར་སྡུག་གི་སྣང་བརྙན་བསྐྲུན་ཡོད་ལ། བོད་པ་ཚོའི་ནང་སེམས་ཀྱི་དགའ་སྤྲོ་གཞན་ལས་ཆེ་བ་དང་། གླུ་གར་བྲོ་གསུམ་ནི་བོད་མི་རིགས་ཀྱི་འཚོ་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་མཚོན་གྱི་ཡོད།

དེ་ལྟར་ལོ་ངོ་སྟོང་ཕྲག་རིང་བརྒྱུད་པའི་སྒྱུ་རྩལ་རིག་གནས་དག་རྒྱུད་འཛིན་དང་དར་སྤེལ་བྱ་རྒྱུ་ནི་བོད་ཀྱི་གཞོན་རབས་ཚོའི་ཕྲག་ཏུ་བབ་པའི་འགན་འཁྲི་ཞིག་ཅི་ལ་མིན། དེ་ཡང་དེ་དག་རྒྱུད་འཛིན་བྱེད་ལུགས་ཀྱང་སྔར་ཡོད་རྣམས་འཛིན་ཐུབ་པས་མི་ཕན་ཅིང་། སྔར་ལས་ལྷག་པའི་གོང་འཕེལ་ལ་གཏོང་དགོས་ན་དུས་རབས་ཀྱི་རྗེས་སུ་བསྙེག་སྟེ་གནའ་དེང་ཟུང་སྦྲེལ་ལམ། སྲོལ་རྒྱུན་གྱི་མཛེས་པ་དག་དེང་རབས་ཀྱི་ཐབས་ལམ་ལ་བརྟེན་ནས་གཞོན་ནུ་ཚོའི་དགའ་སྟོན་དུ་བཤམ་རྒྱུ་དང་། འཛམ་གླིང་ཤར་ནུབ་ཀྱི་སྒྱུ་རྩལ་མི་འདྲ་བ་དག་མི་རིགས་རང་གི་སྒྱུ་རྩལ་དང་ཟུང་སྦྲེལ་བྱས་ཏེ་མི་རིགས་རང་གི་སྐད་ཡིག་ཐོག་ནས་དར་སྤེལ་གནང་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ནོ། །

དེར་བརྟེན། ཁོ་བོས་སྐབས་འདིར་གླེང་བྱ་ཨ་ནུ་རིང་ལུགས་ནི་དུས་རབས་འདིའི་བོད་གཞས་དར་སྤེལ་གཏོང་མཁན་གྱི་གྲས་ཤིག་བརྩི་ཆོག ཁོ་གཉིས་ཀྱི་གླུ་གཞས༼འཕུར༽ཞེས་པ་འདི་ནི་བོད་ཀྱི་གཞོན་ནུ་ཞིག་གིས་བག་མེད་དང་ལེ་ལོའི་འཚོ་བ་ལ་སུན་སྣང་སྐྱེས་ཏེ་ཐོག་མའི་དམིགས་ཡུལ་དང་ཕུགས་བསམ་འཚོལ་སྙེག་བྱ་འདོད་པའི་བསམ་འདུན་མཚོན་པར་བྱས་ཡོད།

དེ་ཡང་ཐོག་མར “ལས་དབང་གི་གོ་ཆ་ནས་གྲོལ་ཏེ། རང་དབང་གི་རིང་ལུགས་ལ་དགའ་ན། འཕུར།” ཞེས་པ་འདིས་བོད་ཀྱི་སྐྱེ་བོ་ཕལ་མོ་ཆེས་བྱ་བ་ཡོད་ཚད་ལས་དབང་ལ་ཁ་གཡར་ནས་སྒྱིད་ལུག་དང་ལེ་ལོའི་ངང་འཚོ་བར་དགའ་བ་བསྟན་ཅིང་། ཟུར་དུ་བོད་ཀྱི་གཞོན་ནུ་དག་ལ་སྐུལ་འདེད་ཀྱིས་ཚུལ་དུ་གལ་ཏེ་ཁྱོད་རང་གཞན་གྱི་བཀོད་སྒྲིག་འོག་ནས་བྱ་བ་ལས་བསྒྲུབ་ལ་མི་དགའ་བར་རང་གི་དགའ་ཕྱོགས་ལྟར་འཚོ་བ་སྐྱེལ་ཞིང་བྱ་བ་བསྒྲུབ་འདོད་ན། ད་ནས་ཤེས་དཔལ་གྱི་དོན་ལ་ལྷོད་མེད་ཀྱིས་འཇུག་ཅིག་ཟེར་ནས་ན་གཞོན་གྱི་སྡེ་རྣམས་བྱ་ཚོགས་འུར་གྱིས་དཀྲོག་པ་ལྟར་མཛེས་སྡུག་གི་མཁའ་དབྱིངས་འཚོལ་དགོས་པའི་བརྡ་བསྟན་འདུག་སྙམ་མོ། །

དེ་བཞིན”ཆོ་མེད་ཀྱི་འཚོ་བ་ནས་ཐར་ཏེ།” ཞེས་དང་ “ཆེས་ཐོག་མའི་རྨི་ལམ་འཚོལ་བསམ་ན་འཕུར། མ་འཕུར་ན་མི་ཚེ་ཚར་རྒྱུ་རེད།” སོགས་ཚོར་ཤེས་ཤུགས་ཀྱིས་དྲག་པོའི་ཐ་སྙད་དེ་དག་གིས་སློབ་ཆེན་འགྲིམ་བཞིན་པའི་སློབ་མའམ་ལས་ཞུགས་པ། གྲོང་དང་གྲོང་ཁྱེར་དག་ན་འཚོ་ཞིང་གནས་པའི་ཡུལ་གྱར་བ་དང་རི་གྲོང་གི་གཞོན་ནུ་སོགས་མང་པོ་ཞིག་ཁོར་ཡུག་དང་སྤྱི་ཚོགས། འཚོ་བ་སོགས་ཀྱི་གནོན་ཤུགས་དབང་གིས་བག་ཁང་དང་། ཨར་ཁང་། དྲ་ཁང་། ཇ་ཁང་སོགས་ན་རིན་བྲལ་གྱི་དུས་ཚོད་དང་ཚེ་སྲོག་གི་རིན་ཐང་བརླག་བཞིན་པའི་གཞོན་རབས་ཕོ་མོ་ཁག་སྟེ། རང་གི་ཐོག་མའི་ཕུགས་འདུན་དང་ཕ་མའི་རེ་བ། དགེ་རྒན་གྱི་བཀའ་སློབ། གྲོགས་པོའི་ཡིད་ཆེས། མི་རིགས་ཀྱི་འགན་འཁྲི་སོགས་བརྗེད་ཅིང་དོར་ཏེ་ཆོ་མེད་ལེ་ལོའི་ངང་དུ་འཚོ་བ་དག ད་ནས“རང་ཉིད་ངོ་མ་དང་། རང་གི་ཆེས་མཛེས་པའི་འཛུམ་མདངས། རང་གི་རྣམ་ཤེས་ངོ་མ། ཚེ་སྲོག་གི་ངོ་མཚར། ཐོག་མའི་རྨི་ལམ”བཅས་འཚོལ་དགོས་པ་ལས། རིན་བྲལ་གྱི་མི་ཚེ་དོན་མེད་དུ་རྫོགས་འཇུག་མི་ཉན་པའི་འབོད་བརྡ་བསྟན་ཅིང་ནམ་ཡང་མི་འདོར་བའི་སྙིང་སྟོབས་ཀྱིས་ལམ་ནས་འཕུར་དགོས་པ་བསྟན།

གཞས་པ་འདིའི་བརྗོད་བྱ་ལ་ཕྱོགས་མཚམས་ཀྱི་རྒྱ་ལས་འདས་ཤིང་ཉན་པ་པོ་སྒེར་རེ་བ་ལ་མི་འདྲ་བའི་ཚོར་ཤེས་དང་གོ་བ་བྱིན་ཆོག་པ་ཞིག་ཀྱང་རེད་འདུག དཔེར་ན། “འཁོར་བའི་རྒྱ་མཚོ་ལས་ཐར་ཏེ། བདེ་སྐྱིད་ཀྱི་ཞིང་ཁམས་སུ་ཆས་འདོད་ན། འཕུར།” ཞེས་པ་འདིས་འཁོར་བ་འདི་སྡུག་བསྔལ་གྱི་རྒྱ་མཚོ་དང་མྱང་འདས་ནི་བདེ་སྐྱིད་ཀྱི་ཞིང་ཁམས་ཡིན། ཞེས་པའི་ཆོས་གཞུང་གི་བཞེད་སྟངས་དང་། ཆོས་པ་རྣམས་འཁོར་བའི་སྡུག་བསྔལ་མི་འདོད་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོང་འཕང་ཐོབ་འདོད་ན། དཀའ་སྤྱད་ཆེན་པོས་ལུས་ངག་ཡིད་གསུམ་དགེ་བའི་དོན་དུ་བརྩོན་དགོས་པ་ལྟ་བུ་ཐ་སྙད་འདི་དག་ལ་མཚོན་ན། མི་ཆོས་ལས་འདས་པའི་ལྷ་ཆོས་ཀྱི་གྲུབ་ཆ་ཡང་འདུས་ཤིང་གླུ་གཞས་ཉན་པ་པོ་ལ་གོ་བ་མི་འདྲ་བ་ཞིག་ཀྱང་སྟེར་གྱིན་ཡོད་པ་རེད།

སྤྱིར་བཏང་གཞས་འདི་ཐད་བརྗོད་རང་བཞིན་ལས་བརྒལ་བའི་སྒྱུ་རྩལ་གྱི་གླུ་གཞས་ཤིག་རེད་ལ། ཚིག་དང་གདངས། ལེན་སྟངས་སོགས་གང་ཅིའི་ཐད་ནས་བོད་གཞས་ཕལ་མོ་ཆེ་ལས་འབུར་དུ་ཐོན་ཅིང་མ་འོངས་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་ལམ་བུ་གསར་པ་ཞིག་གམ། གསོན་ཤུགས་གསར་པ་ཞིག་བསྐྲུན་ཡོད་པར་མ་ཟད། གྲོག་ཚང་བརྡོལ་བ་ལྟ་བུའི་བོད་ཀྱི་གླུ་བ་གླུ་མ་རྣམས་ལ་མིག་དཔེ་བཟང་པོ་ཞིག་ཀྱང་བསྟན་ཡོད་པ་རེད་ལ། གཞས་པ་ཁག་ཅིག་གིས་དེང་གཞས་ལེན་དགོས་ན་མི་རིགས་གཞན་ཁོ་ནའི་ཁྱད་ཆོས་དང་སྐད་ཐོག་ནས་ལེན་དགོས་པ་ལྟ་བུའི་བསམ་བློ་ཡ་མ་བརླ་དེ་དག་ལ་ངོ་ཚ་ཆེན་པོ་ཞིག་ཀྱང་བཟོས་ཡོད་པ་རེད་དོ། །

Leave a Reply