སྔ་ཕྱི་འགལ་བའི་གཏམ་ལ་སུ་ཞིག་རྟོན།

—ཇོ་ཁང་ལ་མེ་སྐྱོན་ཤོར་བ་དང་ཇོ་བོའི་དབུ་རྒྱན་བརྗེས་པའི་སྐོར་གྱི་ཐེ་ཚོམ་འགའ།
མི་ལ་ཙི་ཙི། (ཙོང་ཁ)

 

གཅིག    ཆུ་ཚོད་སྐར་མ༢༦དེའི་ནང་ཅི་ཞིག་བྱུང་སོང་།

རང་ཉིད་བོད་མིར་རློམ་མཁན་ཞིག་ཡིན་ཕྱིན། ཏག་ཏག་ལོ་སར་སྐབས་ཇོ་ཁང་ལ་མེ་དགྲ་བྱུང་བར་ནང་སེམས་བློང་བློང་པོར་གྱུར་མེད་ལས་ཆེ། ཡང་བོད་ལ་མཚོན་ན་ནི་གནམ་བརྡིབས་པ་ལྟར་ཚབས་ཆེ་བའི་གསར་འགྱུར་འདི། དང་པོ་ཉིད་ནས་མགོ་ཆག་གི་ལབ་རྡོལ་ཇི་བཞིན་སྔ་ཕྱི་འགལ་ཏེ་ཐོན་པས། ང་ཚོའི་སྔངས་འཚབ་སྟེང་ལ། ཐེ་ཚོམ་ཞེས་པ་ཡང་མི་བདེ་ཟུར་གསུམ་དབྱིབས་ཀྱིས་ཟུག་ཡོང་། དེའི་སྐོར་ནས་དྲ་རྩོམ་འགའ་ཡང་དུས་ལྟར་བྱུང་འདུག དེ་དག་གི་ཁྲོད་དུ་ཡུལ་དངོས་ནས་རང་གི་མིག་གིས་མཐོང་བ་ཇི་བཞིན་དུ་བྲིས་པའི། གུར་མགོན་སྐྱབས་ལགས་ཀྱི<བར་སྐོར་གྱི་ཉིན་ཐོ>ཟེར་བ་དེ་ནི་ཡིད་རྟོན་ཕེར་བ་ཞིག་རེད། དེ་ལས་སྐད་ཆ་འགའ་ཁོལ་དུ་ཕྱུང་ན་འདི་ལྟ་སྟེ།

“གཙུག་ལག་ཁང་ལ་མེ་མཆེད་ཅིང་། མེ་ལྕེ་རྒྱ་ཕིབས་ནས་ཡར་འཕྱུར་བ་མཐོང་་་”
“གནས་མཇལ་པ་མང་པོ་གཙུག་ལག་ཁང་དང་ཉེ་བའི་སྲང་ལམ་དག་ནས་མེ་མཆེད་པའི་ཕྱོགས་སུ་ཤོར་བཞིན་འདུག་ལ།ལ་ལ་ངུ་ཞིང་ལ་ལ་བརྒྱལ། འོ་དོད་འབོད་ཅིང་འགྲེ་ལྡོག་བྱེད་པ་ཡང་མཐོང་་་”
“ཁོ་བོའི་སེམས་སུ་ཡང་ལོ་ངོ་ཆིག་སྟོང་སུམ་བརྒྱའི་གཟི་བྱིན་འབར་བའི་ལོ་རྒྱུས་ཤིག་སྟེ། བོད་སྤྱིའི་སེམས་ཀྱི་དད་རྟེན་ཞེས་པ་དེ་མིག་གིས་བལྟས་བལྟས་རིག་རིག་ལ་ཉིལ་གྱིན་པའི་ཚོར་བས་དྲག་ཏུ་སྐྱོམས་པར་བྱས་་་”
“ཇོ་ཁང་གི་རྒྱ་ཕིབས་ལ་མེ་ལྕེ་ལྷབ་ལྷུབ་འབར་བ་དངོས་སུ་མཐོང་ནའང་ཕྱི་ཉིན་རྒྱ་ཕིབས་ལ་ཉེ་ཞོ་མི་འདུག་ཟེར་ནས་གཞན་གྱི་གཡམ་དུ་རྒྱུག་པ་ལྟ་བུ་་་”

གོང་གསལ་བྲིས་རྩོམ་གྱི་རྣམ་པ་འདི་ནི། ཁོ་བོས་ལོ་སར་ཚེས་པ་གཉིས་ཀྱི་ཆུ་ཚོད༢༠ དང་སྐར་མ༥༥ཡི་སྟེང་སྐད་འཕྲིན་གྱི་སྒང་ནས་མཐོང་བའི། ཇོ་ཁང་གི་རྒྱ་ཕིབས་ལ་མེ་ཤོར་བ་རེད་ཟེར་བའི་བརྙན་ཐུང་དེ་དང་ཧ་ལམ་གཅིག་ཏུ་འབབ། བརྙན་ཐུང་དེ་ལས་ཀྱང་ཟངས་སེར་གྱི་རྒྱ་ཕིབས་སེར་པོ་ཞིག་ཚིག་ཅིང་བཞུས་ཏེ་བར་བར་ནས་འོབས་ཤུར་ནག་རྔམ་རྔམ་མངོན་ཡོང་ལ། མེ་ལྕེ་དམར་སེར་རྒྱ་ཕིབས་ཀྱི་གཤམ་ནས་ཀླད་དུ་མཆེད་ཀྱིན་འདུག དེར་ཁོ་བོའི་སེམས་སུ་ཡང་ཨ་ཁ་ཁ།ད་མ་འགྲིག དེ་ཇོ་ཁང་གི་རྒྱ་ཕིབས་ཡིན་དུས་མར་མི་ཉིལ་བའི་དཔེ་མི་སྲིད་པས། ཇོ་བོ་རིན་པོ་ཆེ་དང་རིན་བྲལ་ནང་རྟེན་རྫོགས་མེད་ལ་གནོད་མི་ཡོང་ངམ་སྙམ་སྟེ་སེམས་འཚབ་ལངས།

རླུང་འཕྲིན་དང་བརྙན་འཕྲིན་སོགས་གཞུང་གི་གསར་འགྱུར་བརྒྱུད་ལམ་ནས། ཇོ་ཁང་ལ་མེ་ཤོར་བའི་སྐོར་གྱི་སྐད་ཆ་ཚིག་གཅིག་མཐོང་རྒྱུ་མ་བྱུང་བས། ཁོ་བོས་གཤམ་གསལ་དྲ་ཐོག་གསར་འགྱུར་དང་དྲ་ཐོག་ཏུ་ཐོན་པའི་འབྲེལ་ཡོད་གཞུང་ཕྱོགས་ཀྱི་ཡིག་ཆ་སྐོར་ཞིག་ལ་དོ་སྣང་བྱས་པ་ཡིན། ང་ཚོས་དེ་དག་ལ་རིམ་པ་བཞིན་དུ་བལྟ་ཡོང་།

གཞུང་ཕྱོགས་འབྲེལ་ཡོད་གསར་འགྱུར་སྡེ་ཁག་གི་དྲ་ཐོག་གསར་འགྱུར་གྱི་སྐོར།

༡ ལོ་སར་ཚེས་པ་གཉིས་ཏེ(ལུགས་གསར་གྱི་ཟླ༢པའི་ཚེས༡༧)ཇོ་ཁང་ལ་མེ་སྐྱོན་ཤོར་ཏེ་དུས་ཚོད་གཉིས་ལྷག་གི་འཕྲོར།<ལྷ་སའི་ཉིན་རེའི་ཚགས་པར>(<西藏日报>)གྱིས་དྲ་ཐོག་ཏུ་གསར་འགྱུར་འདི་ལྟར་བཀོད་འདུག (འདི་བརྒྱུད་འགོད་བྱེད་མཁན་སྔ་ཤོས网易新闻频道རེད། ཧོང་ཀོང་རྒྱ་བྱ་འཁོར་སྐར་ལེ་ཚན་ལ་ཆེས་སྔ་བའི་གཟུགས་ལྡན་གསར་འགྱུར་ཞིག་འདུག་ཀྱང་ཅང་མ་འགོར་བར་མཐོང་ཐབས་མི་འདུག)

<ལྷ་སའི་ཇོ་ཁང་ལ་མེ་སྐྱོན་ཤོར། མེ་སྐྱོན་འབྱུང་རྐྱེན་དང་རིག་དངོས་ལ་གནོད་པ་ཐེབས་ཚད་ལ་ད་དུང་གསལ་ཁ་མི་ཐོན།>
(《拉萨大昭寺起火起火原因及文物损坏程度尚不明确》)
(西藏日报 2018-02-17 21:32)
༢༠༡༨ལོའི་ཟླ༢པའི་ཚེས༡༧ཉིན་གྱི་ཆུ་ཚོད༡༨དང་སྐར་མ༤༠ཡི་སྟེང། ལྷ་ལྡན་གཙུག་ལག་ཁང་གི་ཆ་ཤས་ལ་མེ་སྐྱོན་ཤོར་མོད་མེ་གང་མགྱོགས་སྒོས་གསོད་ཐུབ་པ་བྱུང་ཞིང་། མི་ལ་ཤི་རྨས་གང་ཡང་བྱུང་མེད། མཐའ་སྐོར་གྱི་འགྲོ་འོང་སྔར་བཞིན་རྒྱུན་ལྡན་ལྟར་ཡོད། ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅི་འཕྲལ་མར་ཡུལ་དངོས་སུ་ཕེབས་ནས་བཀོད་འདོམས་གནང་འདུག

 

༢ ལོ་གསར་ཚེས་པ་གསུམ་སྟེ(ལུགས་གསར་གྱི་ཟླ༢པའི་ཚེས༡༨)ཇོ་ཁང་ལ་མེ་སྐྱོན་ཤོར་བའི་ཕྱི་ཉིན། <སེམས་ཀྱི་ཞིང་ཁམས>(<阳光西藏>)གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུས“དབང་གྲགས་ལྡན་པའི་མྱུར་འཕྲིན”(“权威发布”)གྱི་མཐོ་ཚད་ནས་གསར་འགྱུར་འདི་ལྟར་བཀོད་འདུག

<ཇོ་ཁང་གི་ཆ་ཤས་ལ་མེ་སྐྱོན་ཤོར་རུང་མེ་བསད་ཚར། མི་ལ་ཤི་རྨས་སམ་རིག་དངོས་ལ་གནོད་སྐྱོན་གང་ཡང་ཤོར་མེད།>
《大昭寺局部火灾已扑灭 无人员伤亡 无文物损坏》
(阳光西藏2018-02-18)
༢༠༡༨ལོའི་ཟླ༢པའི་ཚེས༡༧ཉིན་གྱི་ཆུ་ཚོད༡༨དང་སྐར་མ༤༠ཡི་སྟེང། ལྷ་ལྡན་གཙུག་ལག་ཁང་གི་ཆ་ཤས་ལ་མེ་སྐྱོན་ཤོར་མོད་མེ་གང་མགྱོགས་སྒོས་གསོད་ཐུབ་པ་བྱུང་ཞིང་། མི་ལ་ཤི་རྨས་སམ་རིག་དངོས་ལ་གནོད་སྐྱོན་སོགས་གང་ཡང་བྱུང་མི་འདུག་པར་མ་ཟད། མཐའ་སྐོར་གྱི་འགྲོ་འོང་སྔར་བཞིན་རྒྱུན་ལྡན་ལྟར་ཡོད། ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅི་འཕྲལ་མར་ཡུལ་དངོས་སུ་ཕེབས་ནས་བཀོད་འདོམས་གནང་འདུག

བལྟས་ཚོད་དུ་གསར་འགྱུར་འདི་གཉིས་ལ་ཡིག་འབྲུ་གཅིག་གི་ཁྱད་པར་ཡང་མི་འདུག འོན་ཀྱང་ཞིབ་བསྡུར་བྱས་ན། <ལྷ་སའི་ཉིན་རེའི་ཚགས་པར>གྱིས“རིག་དངོས་སོགས་ལའང་གནོད་སྐྱོན་གང་ཡང་བྱུང་མི་འདུག”ཅེས་པའི་སྐད་ཆ་འདི་བྲིས་མི་འདུག དེ་ལྟ་ན་སྐད་ཆ་འདི་ནི<སེམས་ཀྱི་ཞིང་ཁམས>ཀྱིས་གསར་དུ་བསྣན་འདྲའི་བཟོ་ཞིག་འདུག (ཁོ་བོས་གཤམ་ན་གླེང་ཡོད་པའི་སྤྱི་བདེ་མེ་གསོད་རུ་ཁག་གི་ཡིག་ཆའི་ནང་ཡང་། “གྱོང་གུད་བཤེར་རྩིས་བྱེད་བཞིན་པའི་སྒང་ཡིན།”ཞེས་འཁོད་འདུག) དེ་མིན། གསར་འགྱུར་འདི་གཉིས་ཀས་མ་གྲོས་གཅིག་མཐུན་ལྟར། ངེས་པར་བྲི་དགོས་རུང་བྲིས་མེད་པའི་གནས་ཚུལ་གཅིག་ནི། མེ་གསོད་རུ་ཁག་གིས་མེ་ཅི་ལྟར་འཇིལ་བ་དང་བཅིལ་པའི་དུས་ཚོད་ནམ་ཡིན་པ་བྲིས་མེད་པ་དེ་རེད།

གཞན། གསར་འགྱུར་འདི་གཉིས་ཀྱི་ཁ་བྱང་ལས་ཀྱང་ཤེས་ཐུབ་པ་ནི། <སེམས་ཀྱི་ཞིང་ཁམས>ཀྱིས་རིག་དངོས་ལ་གནོད་སྐྱོན་ཤོར་མེད་ཅེས་ཚིག་ཐག་བཅད་མོད། <ལྷ་སའི་ཉིན་རེའི་ཚགས་པར>གྱིས་ད་དུང་གསལ་ཁ་མི་ཐོན་ཟེར།

མདོར་ན། ལྷ་སའི་ཡུལ་དངོས་ན་ཡོད་པའི་གཞུང་ཕྱོགས་ཀྱི་གསར་འགྱུར་སྡེ་ཁག་འདི་གཉིས་ཀྱང་། མེ་དགྲ་བྱུང་བའི་ཉིན་དང་པོ་དང་གཉིས་པར་སོ་སོས་བཀོད་པའི་གསར་འགྱུར་གྱི་བར་ན་ཕན་ཚུན་ནང་འགལ་དུ་སོང་སྟེ་མེད་དམ།

 

༣ ལོ་གསར་ཚེས་པ་གཉིས(ལུགས་གསར་ཟླ༢པའི་ཚེས༡༨)ཀྱི་ཉིན། <ལྷ་སའི་ཉིན་རེའི་ཚགས་པར>གྱི་སྤྱི་གཞུང་སྐད་འཕྲིན་སྟེགས་བུས(“拉萨发布”) པར་རིས་གཙོ་བོ་ཡིན་པའི་གསར་འགྱུར་འདི་ལྟར་བཀོད་འདུག (གསར་འགྱུར་དེ་ལ་ཟུར་ནས་གཟིགས་རོགས)

ལོ་གསར་ཚེས་ཆེན་གསུམ་གྱི་ཉིན། རིགས་སོ་སོའི་མང་ཚོགས་ཀྱིས་སྐྱིད་པའི་ལོ་གསར་ལ་རོལ་ཏེ། ལྷ་ས་ཧྲིལ་པོ་དགའ་བའི་དཔལ་གྱིས་ཁྱབ་འདུག
《大年初三,各族群众欢度新年,拉萨一片祥和》
(西藏发布2018-02-18)
དེ་རིང་ནི་ལོ་གསར་གྱི་ཚེས་པ་གསུམ་རེད། ལྷ་སའི་དུས་སྟོན་གྱི་རྣམ་པ་ཀུན་ནས་སྟུག་ཅིང་། རིགས་སོ་སོའི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་དུས་སྟོན་ལ་རོལ་ཏེ་གང་སར་བཀྲ་ཤིས་པའི་དཔལ་གྱིས་ཁྱབ་འདུག

ཁ་སང་ལྷ་སའི་གཙུག་ལག་ཁང་ལ་མེ་དགྲ་བྱུང་རུང་། དེ་རིང་ད་དུང་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་དུས་སྟོན་ལ་རོལ་ཏེ་གསར་བཀྲ་ཤིས་པའི་དཔལ་གྱིས་ཁྱབ་ཡོད་པ་དེ་ཡང་མཚར། རིགས་སོ་སོའི་མི་དམངས་མང་ཚོགས་དེ་དག་གིས་གཙུག་ལག་ཁང་ལ་མེ་ཤོར་བ་མ་ཤེས་པ་ཡིན་ནམ། ཡང་ན་ཤེས་རུང་ཅི་མི་སྙམ་པར་ཡོད་པ་རེད། དེ་མིན་ན་ལོ་གསར་ཡིན་རུང་དེ་འདྲའི་བཀྲ་ཤིས་པའི་དཔལ་གྱིས་ཁྱབ་ཐུབ་པ་ཞིག་མིན་པ་འདྲ།

 

༤ ལོ་གསར་ཚེས་པ་བདུན(ལུགས་གསར་ཟླ༢པའི་ཚེས༢༢)གྱི་ཉིན། ཞིན་ཧྭ་ཧྲེ་ལྷ་ས་ཡན་ལག་ཁང་གིས་འོང་འཕྱིས་པའི་གསར་འགྱུར་འདི་ལྟར་བཀོད་འདུག

ཇོ་ཁང་གི་མེ་སྐྱོན་ནི་མིས་བཏང་བ་མིན་པར་ཐོག་མའི་བདེན་དཔང་ཐོབ།
ཤཱཀྱ་མུ་ནེའི་འདྲ་སྐུ་གནོད་མེད་འཐུས་ཚང་དུ་ཡོད།
《大昭寺火灾初步排除人为因素 释迦牟尼佛完好无损》
(新华网2018-02-22 00:33)

(ཧ་མི་གོ་བའི་སྐད་ཆ་གཙོ་བོ་འགའ་ལས། ཡིག་ཟོར་རྫོབ་དོགས་ཀྱིས་བསྒྱུར་མེད། ཀློག་པ་པོས་གསར་འགྱུར་དེ་ལ་ཟུར་ནས་གཟིགས་རོགས།)

“ཤཱཀྱ་མུ་ནེའི་འདྲ་སྐུ་གནོད་མེད་འཐུས་ཚང་དུ་ཡོད།”

བཅོམ་ལྡན་འདས་སྐུ་དངོས་ཀྱིས་རབ་གནས་མཛད་དེ་ཁོང་དང་ཁྱད་མེད་ཅེས་གསུངས་པར་སྐད་པས་བྱིན་རླབས་ལོས་རེ་ཆེ།བཞེངས་ཏེ་མི་ལོ་ཉིས་སྟོང་ལྔ་བརྒྱ་འདས་པས་ལོ་རྒྱུས་རིན་ཐང་ལོས་རེ་ལྡན། འདས་ཟིན་པའི་བོད་བཙན་པོའི་རྒྱལ་རབས་གསེར་གྱི་ཕྲེང་བའི་བདེན་དཔང་དམ་པ་ནས། དེ་རིང་གི་ཆོལ་གསུམ་བོད་མི་སྐྱ་སེར་ཕོ་མོའི་བདེ་སྡུག་ཞུ་སའི་ཞིང་མཆོག་ཉག་ཅིག་ཡིན་པས་འཚོ་བའི་དོན་སྙིང་ཡང་ལོས་རེ་ཟབ། དེ་བས། ཇོ་བོ་ཤཱཀྱ་མུ་ནེའི་འདྲ་སྐུ་གནོད་མེད་འཐུས་ཚང་དུ་ཡོད་ཅེས་ཐེ་ཚོམ་མེད་པར་སྒྲོག་ཡོང་དུས་ང་ཚོ་ཅི་ལ་མི་དགའ།འོན་ཀྱང་དགའ་བ་འདི་དད་པའི་དབང་གིས་རེད། དད་པ་འདི་ཟུར་དུ་བཞག་སྟེ་དཔྱོད་ཤེས་ཅུང་ཙམ་བསྐྱེད་ན། “ཤཱཀྱ་མུ་ནེའི་འདྲ་སྐུ་གནོད་མེད་འཐུས་ཚང་དུ་ཡོད”ཙམ་གྱིས་དོན་འདི་ད་དུང་བཤད་ཚར་མེད་པ་འདྲ། ཇོ་ཁང་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་ལྡན་ཞིང་། དེའི་རིང་དུ་ཇོ་བོ་རིན་པོ་ཆེ་གཅིག་པུ་ཇོ་ཁང་ནང་ཁེར་རྐྱང་དུ་བསྡད་པ་ག་ལ་ཡིན། གཞན་ལྟ་ཅི། མིག་གིས་བལྟས་བལྟས་རིག་རིག་ལ་མེ་རུ་འབར་སོང་བའི་རྒྱ་ཕིབས་སེར་པོ་དེ་གནོད་མེད་འཐུས་ཚང་དུ་ཡོད་དམ། ཇོ་བོ་རིན་པོ་ཆེའི་དབུའི་ཀླད་ཀྱི་གསེར་གྱི་གདུགས་འཁོར་ཆེན་མོ། ད་དུང་དབུ་རྒྱན། སྙན་རྒྱན། ཕྲག་རྒྱན། ཐུགས་རྒྱན། བཞུགས་སྒྲོམ། ཁྲི་རྒྱབ། གཡས་གཡོན་གྱི་གསེར་འབྲུག་སོགས་གནོད་མེད་འཐུས་ཚང་དུ་ཡོད་དམ། ཇོ་བོའི་སྐུ་རྒྱབ་ཀྱི་རྗེ་མི་འགྲོ་གསུང་འབྱོན་མ། ཇོ་བོའི་སྐུ་རྒྱབ་ཕུག་ཏུ་བཞེངས་སྟབས་སུ་ཡོད་པའི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་འདྲ་འབག་ཐོག་ཚད་མ་དེ་དག་གནོད་མེད་འཐུས་ཚང་དུ་ཡོད་དམ། ད་དུང་། ཆོས་རྒྱལ་སྲོང་བཙན་སྐུ་དངོས་ཀྱིས་བཟོ་བོར་སྣེ་ཁྲིད་དེ་བཞེངས་པའི་ཁྱམས་འོག་ཤིང་གི་སེང་གེ་དང་བྱ་ཁྱུང་གི་ཕྲེང་སྟར། ག་སར་མཐོང་ཐུབ་པའི་ཀ་གདོང་ལྕམ་དྲལ་སོགས་བཟོ་རྩལ་ཁྱད་དུ་འཕགས་པའི་ཤིང་བརྐོས་རྫོགས་སུ་མེད་པ་དེ་དག་གནོད་མེད་འཐུས་ཚང་དུ་ཡོད་དམ། དེ་དག་ལས་གཅིག་ལ་གནོད་པ་ཐེབས་པས་ཀྱང་། བོད་ཀྱི་རིག་གནས་ལོ་རྒྱུས་ལ་ཤ་ཞེན་ཡོད་པ་ཞིག་ཡིན་ཕྱིན། བོད་རིགས་མ་ཟད། མི་རིགས་གཞན་པ་སུ་ཞིག་ཡིན་ན་ཡང་ཕངས་སེམས་ཅི་ལ་མེད། དེ་བས་ཇོ་བོ་གཅིག་པུ་གནོད་མེད་འཐུས་ཚང་དུ་ཡོད་ཅེས་པའི་བཤད་སྟངས་འདི་ནི། མེ་འོབས་སུ་ལྷུང་བའི་མི་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་མགོ་བོ་འཚིག་མེད་ཅེས་པ་ལྟ་བུའི་རུ་ངར་གད་གཙང་མིན་པའི་སྐད་ཆ་དབ་དིབ་ཅིག་རེད། འོ་ན་དེའི་རྐང་ལག་ག་འདྲ་རེད། དེའི་ཕྱི་ཤ་ཁྲག་རུས་པའི་མཁར་རྫོང་ནས་ནང་དོན་ལྔ་སྣོད་དྲུག་གི་གཟུངས་གཞུག་ག་འདྲ་རེད། ཡོད་དོ་ཅོག་འཚམས་པོར་བདེ་སྐྱིད་ཡིན་ནམ།

“གཙུག་ལག་ཁང་གི་ཇོ་བོའི་རྒྱབ་ཁང་གི་ཉིས་ཐོག་གཡས་ལོགས་རླུང་འདྲེན་ཁང་ལ་མེ་ཤོར།”( “大昭寺供奉有释迦牟尼佛像的后殿二楼右侧通风室着火”)

“རླུང་འདྲེན་ཁང”ཟེར་བ་དེའི་ནང་ན་ཅི་ཞིག་ཡོད་དམ། རླུང་རྒྱུ་སར་བཟོས་པའི་ཁང་མིག་ཅིག་ཡིན་ན་ནི་སྟོང་བ་ཡིན་ན་འོས། ཡང་སྟོང་བར་ཡོད་པའི་ཁང་པ་ཞིག་གི་ནང་ནས་ཅི་ཞིག་འབར་སོང་བ་རེད། ཡང་རླུང་འདྲེན་ཁང་ཟེར་བ་དེ་ནས་གཙུག་ལག་ཁང་གི་རྒྱ་ཕིབས་ལ་མེ་ལྕེ་ཇི་ལྟར་མཆེད་སོང་བ་རེད། མེ་ལྕེ་མཆེད་པའི་བར་ཐག་དེ་ནས་རིག་དངོས་གཞན་པ་ལ་མེ་ལྕེས་མི་རེག་གམ།

“སྲུང་སྐྱོབ་རང་བཞིན་སྒོས། ༢༠༡༣ལོར་ཞིག་གསོ་བརྒྱབ་པའི་གསེར་ཁང་རྒྱབ་མའི་རྒྱ་ཕིབས་བསྣུར་ཟིན།”( “保护性移除了2013年修复的后殿金殿”)

“སྲུང་སྐྱོབ་རང་བཞིན་སྒོས་བསྣུར་སོང”ཟེར་བའི་དོན་འདི་ཁོ་བོས་ཧ་གོ་མ་སོང་། གུར་མགོན་སྐྱབས་ལགས་ཀྱིས་ཡུལ་དངོས་ནས་མཐོང་བ་དང་། ཁོ་བོས་སྐད་འཕྲིན་སྒང་ནས་མཐོང་བའི་བརྙན་དེ་གཉིས་ལྟར་ན། རྒྱ་ཕིབས་དེའི་ཟངས་སེར་ཚིག་ཅིང་བཞུས་ཏེ་ཀླད་ངོས་ནས་འོབས་ཤུར་ནག་པོ་རེ་རེ་དུས་ངེས་མེད་དུ་སྣང་ཡོང་ལ། དེ་དག་ལས་མེ་ལྕེ་དམར་པོ་དགུང་ལ་མཆེད་ཀྱིན་འདུག སྐབས་དེར་སྲོག་བསྡོས་བྱེད་ཐུབ་པ་ཞིག་པ་ཡིན་པའི་དབང་དུ་བཏང་ཡང”སྲུང་སྐྱོབ་རང་བཞིན་སྒོས་བསྣུར”རྒྱུ་ཟེར་བ་དཀའ་བའི་ཚོད་རེད། དེ་ལྟར“སྲུང་སྐྱོབ་རང་བཞིན་སྒོས་བསྣུར་སོང”ཟེར་བ་དེ་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ནམ།

“གནོད་པ་ཐེབས་པའི་རླུང་འདྲེན་ཁང་ལྷ་ཁང་རྒྱབ་མའི་ཉིས་ཐོག་གི་གཡས་ཟུར་ན་ཡོད་ལ། མེས་ཟིན་པའི་ཚད་ནི་གོམ་པ་གྲུ་བཞི་མ༥༠ཡས་མས་ཡིན།” (受损的通风室为后殿二楼右侧,过活面积50平米左右)

གཤམ་དུ་ཁོ་བོས་བཀོད་ཡོད་པའི་འབྲེལ་ཡོད་གཞུང་གི་ཡིག་ཆ་དག་ལས་ཤེས་ཐུབ་པ་ནི། རླུང་འདྲེན་ཁང་དེའི་མེ་འབར་བའི་རྒྱ་ཁྱོན་ན་གོམ་པ་གྲུ་བཞི་མ༥༠ལས་མེད་ན་ཡང་། དེ་ཀོ་མེ་གསོད་རླངས་འཁོར༣༧དང་མེ་གསོད་དཔོན་དམག༢༠༠ལྷག་གིས་ཆུ་ཚོད་སྐར་མ༥༨རིང་ལ་ནུས་ཤུགས་གང་ཡོད་བཏོན་པས་གཞི་ནས་མེ་སྐྱོན་བསད་པ་རེད། གྲངས་ཀ་འདི་དག་གི་ཕན་ཚུན་བར་གྱི་འབྲེལ་བ་ནི་ཚན་རིག་དང་མཐུན་པ་ཞིག་ཡིན་མིན་ལ་ཀུན་གྱིས་དཔྱད་པར་ཞུ།

“ཐོ་འགོད་བྱས་པའི་རིག་དངོས་གྲངས་ཚད༦༥༡༠པོར་གནོད་འཚེ་གང་ཡང་ཐེབས་མེད”། (“登记的6510件文物无任何损失”)

གཞན་ལྟ་ཅི། གོང་གསལ<ལྷ་སའི་ཉིན་རེའི་ཚགས་པར>གྱི་སྤྱི་གཞུང་སྐད་འཕྲིན་སྟེགས་བུའི(“拉萨发布”) པར་རིས་གཙོ་བོ་ཡིན་པའི་གསར་འགྱུར་ལས། ཇོ་བོའི་ཀླད་ངོས་དང་ཁྲི་རྒྱབ་ཡོངས་སུ་གོས་སེར་པོས་བཏུམས་འདུག་པ་མཐོང་ཐུབ། ཀླད་ངོས་གསེར་གྱི་གདུགས་འཁོར་ཆེན་མོ། མདུན་ཐད་ཆུ་ཤེལ་གྱི་ལྒང་བུ་ཆེ་ཆུང་། གཡས་གཡོན་གྱི་བརྐོས་འབྲུག གཡས་གཡོན་གཤམ་གྱི་གསེར་སྐུ་ཆུང་ཆུང་ཆ་གཅིག་སོགས་གཅིག་ཀྱང་མཐོང་རྒྱུ་མི་འདུག རིག་དངོས༦༥༡༠པོ་སྐྱོན་མེད་འཐུས་ཚང་དུ་ཡོད་ན། འདི་དག་སྔ་མ་ཇི་བཞིན་བཤམས་ན་ཇི་བས་དགའ། ཐ་ན་དབུ་རྒྱན་གསར་པ་དེ་ཡང་མཐོང་རྒྱུ་མེད་པར་སྔ་མའི་དེའམ་དེ་དང་ཆ་འདྲ་བ་ཞིག་བསྒྲོན་འདུག (འོན་ཀྱང་དབུ་རྒྱན་གྱི་ཐད་ནས་ཁ་འཕྲོར་ཐོན་ན་བཤད་རྒྱུ་ཡིན་པས་འདི་ནས་བྲི་བར་མི་བྱེད།) འདི་ལྟར་བལྟས་ཡོང་ན། ཆེད་ལས་ཡིན་པའི་མེ་གསོད་དཔོན་དམག༢༠༠དེར། རྨིད་ལྷམ་པ༥༠ལས་མེད་པའི་མེ་སྐྱོན་དེ་གསོད་རྒྱུ་མ་གཏོགས་ལས་ཀ་གཞན་མེད་པའི་བཟོ་ཞིག་འདུག དེ་ཡང་རགས་རྩིས་བྱས་ན་མེ་གསོད་དམག་མི་གཅིག་ལ་མེ་སྐྱོན་གོམ་པ་གྲུ་བཞི་ཕྱེད་ཙམ་ཡང་མི་ཐེམས་པ་འདི་རེད།དེ་ད་དུང་ཆུ་ཚོད་སྐར་མ༥༨སྤྱད་དེ་བསད་པ་རེད། འདི་དག་ཁོ་བོའི་རྒྱུན་ཤེས་ལས་རིང་དུ་འགོངས་འདུག

གཞུང་ཕྱོགས་འབྲེལ་ཡོད་ལས་ཁུངས་ཀྱི་དྲ་སྟེང་ཡིག་ཆའི་སྐོར།

༡ ཁོ་བོས་སྔ་སོར་སྐད་འཕྲིན་གྱི་སྒང་ལ་བཀོད་པའི་རི་མོར་དེ་བཞིན་དུ། <ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་མེ་གསོད་པུའུ>ཡི (༢༠༡༨)ཡིག་ཨང༣༠(<中华人民共和国公安消防部>公消(2018)30号) པ་ཟེར་བའི་ཡིག་ཆ་ཞིག་ཀྱང་དུས་ལྟར་དྲ་ཐོག་ཏུ་བཀྲམ་འདུག(ཡིག་ཆ་དེ་རྫུན་བཟོ་ཞིག་ཡིན་པའི་སྐད་ཆ་ཡང་ཁོ་བོས་ད་བར་དུ་མ་མཐོང་།) དེ་བས་བརྒྱ་ལ་ཡིག་ཆ་དེ་བདེན་ཕྱིན། གོང་གསལ་ཞིན་ཧྭ་ཧྲེ་ལྷ་ས་ཡན་ལག་ཁང་སོགས་ཀྱི་གསར་འགྱུར་རྫུན་དུ་སོང་མེད་ལས་ཆེ།

ཡིག་ཆ་དེའི་ཁ་བྱང་དུ<བོད་རང་སྐྱོང་ལྗོངས་ལྷ་སའི་ཇོ་ཁང་ལ་མེ་སྐྱོན་ཤོར་བའི་བསླབ་བྱ་དང་ལེན་བྱས་ཏེ།གནད་སྨིན་སྒོས་ཆོས་ལུགས་དགོན་སྡེའི་མེ་སྐྱོན་སྔོན་འགོག་བྱ་བ་སྲ་བརྟན་དུ་གཏོང་དགོས་པའི་བརྡ་སྦྱོར>ཞེས་འཁོད་འདུག (ཞིབ་རྒྱས་ཡིག་ཆ་དེ་ལ་གཟིགས་རོགས། འདིར་མཁོ་དོན་ལྟར་ཚན་པ་སྔུན་མ་དེ་སྒྱུར་བར་བྱེད།)

ཞིང་ཆེན་སོ་སོ་དང་རང་སྐྱོང་ལྗོངས། ཐད་གཏོང་གྲོང་ཁྱེར་གྱི་སྤྱི་བདེ་མེ་གསོད་གཞུང་རུ། ཞིན་ཅང་འཛུགས་སྐྲུན་དམག་དཔུང་སྤྱི་བདེ་ཅུའུ་དང་མེ་གསོད་ཅུའུ:

“ཟླ༢པའི་ཚེ༡༧ཉིན་གྱི་ཆུ་ཚོད༡༩དང་སྐར་མ༠༦གི་སྟེང། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག་ལ། ལྷ་སའི་ཇོ་ཁང་ལ་མེ་སྐྱོན་བྱུང་བའི་མྱུར་སྐྱོབ་ཉེན་བརྡ་འབྱོར། ཡན་ལག་རུ་ཁག་གིས་དེ་མ་ཐག་མེ་གསོད་རླངས་འཁོར༣༧དང་། མེ་གསོད་དཔོན་དམག༢༠༠ལྷག་མངགས་གཏོང་བྱས། ཆུ་ཚོད༡༩དང་སྐར་མ༠༧གྱི་སྟེང་མེ་སྐྱོན་ཤོར་སའི་ཡུལ་དངོས་ཏེ་ལྷ་སའི་ཇོ་ཁང་དུ་འབྱོར་ཞིང་ནུས་ཤུགས་ཡོད་རྒུས་མེ་གསོད་བྱས། ཆུ་ཚོད༠༨དང་སྐར་མ༠༥ཡི་སྟེང་མེ་སྐྱོན་གཞི་ནས་གསོད་ཐུབ་པ་བྱུང་། མེས་ཚིག་པའི་རྒྱ་ཁྱོན་ན་གོམ་པ་གྲུ་བཞི་མ༥༠ཙམ་ལས་མེད་ལ་མི་ལ་རྨས་སྐྱོན་གང་ཡང་མ་བྱུང་། ཇོ་ཁང་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་ཞིང་། བོད་རྗེ་སྲོང་བཙན་སྒམ་པོས་བཞེངས་པ་རེད། ད་ལྟའི་བར་ལོ་ངོ༡༣༠༠ཡི་ལོ་རྒྱུས་ལྡན། ལྷ་སའི་ཆེས་སྔ་བའི་ས་ཤིང་སྒྲིག་སྦྱོར་གྱི་ཨར་སྐྲུན་ཡང་རེད། ཐོག་མར་རྒྱུས་ལོན་བྱས་པ་ལྟར་ན། མེ་སྐྱོན་བྱུང་ས་ཇོ་ཁང་གི་མཆོད་ཁང་གལ་ཆེན་དེ་དང་རྒྱ་ཕིབས་རེད།མེ་སྐྱོན་འབྱུང་རྐྱེན་དང་གྱོང་གུད་བཤེར་རྩིས་བྱེད་པའི་སྒང་ཡིན(‘起火部位位于大昭寺主殿、金殿,火灾原因和损失正在核查’)་་་ ་་་”

ཡིག་ཆ་འདིའི་ཡོང་ཁུངས་བདེན་པ་ཡིན་ན། མེ་དགྲ་བྱུང་ས་ཇོ་ཁང་གི་མཆོད་ཁང་གལ་ཆེན་དེ་དང་རྒྱ་ཕིབས་ཡིན་འདུག་ཅེས་གསལ་ལྷང་ལྷང་བྲིས་འདུག་པ་འདི་རེད། ད་དུང་གྱོང་གུད་བཤེར་རྩིས་བྱེད་པའི་སྒང་ཡིན་ཞེས། ལྷ་ལྡན་གཙུག་ལག་ཁང་གི་ཆ་ཤས་ལ་མེ་ཤོར་ཟེར་བའམ། མཆོད་ཁང་རྒྱབ་མའི་ཉིས་ཐོག་གི་གཡས་ལོགས་རླུང་འདྲེན་ཁང་ལ་མེ་ཤོར་ཟེར་བ།ད་དུང་རིག་དངོས་གང་ལ་ཡང་གནོད་པ་ཤོར་མེད་ཟེར་བ་སོགས་ནི་རང་བཞིན་སྒོས་བདེན་ཤས་ཆུང་བའི་བཤད་སྟངས་ཤིག་ཏུ་སོང་མེད་དམ་སྙམ།
དེ་མིན། ཆུ་ཚོད༡༩དང་སྐར་མ༠༦གི་སྟེང་ཉེན་བརྡ་འབྱོར་ཞིང་། ཆུ་ཚོད༡༩དང་སྐར་མ༠༧ཏེ། སྐར་མགི་ཡུན་ཙམ་ལ་མེ་གསོད་རླངས་འཁོར༣༧དང་མེ་གསོད་དཔོན་དམག  ༢༠༠ལྷག་མེ་དགྲ་བྱུང་སར་འབྱོར་ཞིང་། དེའི་འཕྲོར་དུས་ཚོད་སྐར་མ༥༨སྤྱད་དེ་གོམ་པ་གྲུ་བཞི་མ༥༠ལས་མེད་པའི་མེ་སྐྱོན་བསད་པ་རེད། འདི་ལ་ཏན་ཏིག་གི་རྩོད་སྒྲུབ་དང་ཚན་རིག་གི་ཐབས་ཤེས་ལྟར་གྲངས་རྩིས་ཤིག་རྒྱག་རྒྱུ་ཡོད་དམ། གཞན། ཆུ་ཚོད་སྐར་མགི་ནང་ལ་བསླེབ་ཐུབ་སའི་གནས་སུ་ཡོད་ཚེ། མེ་གསོད་རུ་ཁག་རང་ངོས་ནས་ཀྱང་ཇོ་ཁང་ལ་མེ་མཆེད་ཀྱིན་པ་མི་མཐོང་ངམ། མི་ཚོར་རམ།

དེ་ལས་གཞན། <ལྷ་སའི་ཉིན་རེའི་ཚགས་པར> དང <སེམས་ཀྱི་དག་ཞིང>སོགས་དྲ་ངོས་གསར་འགྱུར་ལས། ཁ་གཅིག་མཚུངས་སྒོས་ཆུ་ཚོད༡༨དང་སྐར་མ༤༠ཡི་སྟེང་ཇོ་ཁང་ལ་མེ་ཤོར་ཞེས་འཁོད་འདུག དེ་ལྟར་བྱས་ན་མེ་གསོད་རུ་ཁག་ལ་ཉེན་བརྡ་འབྱོར་བའི་དུས་ཚོད་ནི་ཆུ་ཚོད༡༩དང་སྐར་མ༠༦རེད། དེའི་བར་གྱི་ཆུ་ཚོད་སྐར་མ༢༦དེའི་རིང་ཇོ་ཁང་གི་མེ་གསོད་མི་སྣ་དང་བདེ་སྲུང་དམག་མི། ད་དུང་ཇོ་ཁང་གི་གྲྭ་པ་ལས་རེས་པ་ཚོས་ག་རེ་བྱས་ཏེ་བསྡད་པ་རེད། མེ་སྐྱོན་མྱུར་སྐྱོབ་ཀྱི་ཁ་པར་གཅིག་གཏོང་ན་སྐར་མ༢༦དགོས་སམ། དེ་འདྲའི་ཛ་དྲག་བླ་ལྷག་གི་སྒང་དུ་ཁོ་པ་ཚོས་ཏན་ཏན་ཆུ་ཚོད་སྐར་མ༢༦འཕྲོ་བརླགས་སུ་བཏང་སོང་བའི་བཟོ་ཞིག་འདུག བརྗོད་འདོད་པ་ནི། གལ་ཏེ་ངའི་ཚོད་དཔག་འདི་འགྲིག་པ་ཡིན་ན་ཇི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང་།

༢ དེ་མིན། ད་ལྟ“百度百科”སྟེང་གི་ཇོ་ཁང་གི་དྲ་ངོས་ཀྱི“寺庙事件” ཞེས་པའི་ཆེས་མར་གཤམ་གྱི་ལེ་ཚན་ནང་དུ་བརྗོད་བྱ་གསར་པ་བསྣན་འདུག་པ་འདི་ལྟ་སྟེ། 晚间,拉萨市119工作人员称,火势已得到控制,无人员受伤。有多段现场视频显示,一寺庙上方火势凶猛,伴有浓烟,大火自天亮燃至天黑,一高压水枪正对其喷射灭火。(མོས་པ་ཡོད་མཁན་ཚོའི་དེར་གཟིགས་རོགས)

༣ ཚེ་རིང་དབང་ཕྱུག་ཟེར་བས<ཀྲུང་གོའི་མེ་གསོད>དུས་དེབ་ཀྱི་འདོན་ཐེངས7(<中国消防>2013年第7期)པའི་སྟེང་བྲིས་པའི། <ལྷ་སའི་ཇོ་ཁང་གི་གནའ་བོའི་བཟོ་སྐྲུན་གྱི་མེ་སྐྱོན་སྔོན་འགོག་རོབ་ཙམ་གླེང་བ>(<浅谈西藏大昭寺古建筑火灾预防>)ཞེས་པའི་རྩོམ་དུ།

གལ་ཏེ་ཇོ་ཁང་ལ་མེ་ཤོར་ཚེ། མེའི་འབར་ཚད་མྱུར་ཞིང་དྲོད་ཚད་འཕར་སྐྱེན་པོ་འབྱུང་སྲིད་པས། ངེས་པར་དུ་ཆུ་ཚོད་སྐར་མ༡༥ནས༢༠ཡི་ནང་དུ་མེ་གསོད་ཐུབ་པ་དགོས། དེ་ལྟར་མིན་ཚེ་མེ་འབར་བའི་རྒྱ་ཁྱོན་ཆེ་རུ་མཆེད་སླ། དུས་དེར་ཆེས་མཐོ་བའི་དྲོད་ཚད་ཏུའུ་གྲངས༨༠༠ནས༡༠༠༠ལ་སླེབས་ཐུབ། དུས་མཚུངས་སུ། ཇོ་ཁང་གི་ནང་ངོས་ཁོང་གསེང་རྒྱ་ཆེ་བའི་ཁར་ཕྱི་ངོས་བཟོ་བཀོད་སྲ་མཁྲེགས་དང་ལྡན་ཞིང་རླུང་རྒྱུ་བ་དཀའ་བས། གལ་སྲིད་མེ་སྐྱོན་བྱུང་ཚེ། ནང་ངོས་ཀྱི་དུ་བ་དང་དྲོད་ཚད་ཡལ་རྒྱུ་དཀའ། མཚམས་དེར“འབར་གས་རང་བཞིན”(“轰燃现象”)གྱི་མེ་སྐྱོན་འབྱུང་སྲིད་པས་མེ་གསོད་རྒྱུ་ཤིན་ཏུ་དཀའ།”ཞེས་བཀོད་འདུག

དེ་ལྟར་བལྟས་ཡོང་ན། མེ་དགྲ་བྱུང་རྗེས་མེ་གསོད་རུ་ཁག་ལ་ཉེན་བརྡ་འབྱོར་བའི་བར་གྱི་ཆུ་ཚོད་སྐར་མ༢༦དེའི་རིང་། ཇོ་ཁང་ནང་ངོས་ཀྱི་དྲོད་ཚད་ཏུའུ་ངས༨༠༠ནས༡༠༠༠ལ་སླེབས་སོང་ངམ། དེ་ལྟར་ཡིན་ཚེ་ཤིང་རིགས་ལྟ་ཅི། གསེར་དངུལ་དང་ལི་མ་སོགས་སྙི་བའི་ལྕགས་རིགས་ཡང་བཞུས་མི་འགྲོའམ།

གཞན་ཕལ་བ་ཞིག་ཡིན་ན་ནི་ཅི་ཆ། འོན་ཀྱང་། ལྷ་སའི་གཙུག་ལག་ཁང་ལ་མཚོན་ན།1961ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོར་ཁག་དང་པོའི་སྲུང་སྐྱོབ་རིག་དངོས་སྡེ་ཁག་གི་གྲས་སུ་ཁྱབ་སྒྲོག་བྱས་པ་རེད་ལ། ལྷག་དོན། ༢༠༠༠ལོའི་ཟླ༡༡པའི་ཚེས༣༠ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས། འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཀོད་ཅིང་། དེས་ནི་ལྷ་སའི་ཇོ་ཁང་ནི་བོད་མ་ཟད། མིའི་རིགས་སྤྱིའི་ལོ་རྒྱུས་དཔལ་ཡོན་གྱི་རིན་ཐང་དུ་གདེང་འཇོག་བྱས་པ་མཚོན། རྒྱུ་མཚན་འདིའི་དབང་གིས་ཀྱང་། གཞུང་ཕྱོགས་ནས་དོན་རྐྱེན་འདིའི་འཐུས་ཤོར་དང་གྱོང་གུད་ཀྱི་ཆ་ཀུན་ལ་རྩིས་བཤེར་ཏན་ཏིག་བྱས་རྗེས།འགོར་འགྱངས་མི་བཟོ་པར། མི་རྣམས་ལ་ངེས་པ་དོན་གྱི་གསལ་བཤད་ཅིག་གནང་ཡོང་བར་ཁོ་བོས་ཡིད་ཆེས་བྱེད་ན་འདོད་ལ་རེ་སྒུག་ཀྱང་ཀུན་ནས་ཆེའོ། །

གཉིས། དབུ་རྒྱན་གསར་པ་དེ་ད་ལྟ་གང་ན་ཡོད།

རྩོམ་འདིའི་མགོ་ནས་ངས་རང་གི་འདས་དོན་གཉིས་གླེང་དགོས་ཡོད། དེ་ཡང་ཉིས་སྟོང་བཅུ་བཞི་ལོར་ངེད་ཚང་གིས་ཇོ་བོ་ཤཱཀྱ་མུ་ནེར་ལུས་གསེར་ཞིག་ཕུལ་བ་ཡིན། གསེར་བླུས་པའི་ཡོན་དུ་ཧ་ལམ་མི་དམངས་ཤོག་ལོར་ཁྲི་གཅིག་སོང་། ཕྱི་དྲོ་དེར། ཡོམ་ཡོམ་ཤིག་ཤིག་འགུལ་གྱིན་པའི་དད་ལྡན་དམར་ནག་དེའི་ཁྲོད་དུ་ཞུགས་ནས་ང་རང་ག་ལེར་སྔུན་དུ་སོང་། མཐར་གསེར་ཁུའི་ཕོར་བ་མགོ་རུ་བཏེགས་ཏེ་རྔུལ་ནག་ཁོལ་གྱིན་གཞི་ནས་ཇོ་བོའི་འཁྲིས་སུ་སླེབས། འོན་ཀྱང་མཚམས་དེར་ང་རང་རེ་ཞིག་ཧད་དེ་ལུས་སོང་། རང་ཉིད་རང་གི་མིག་ལ་ཡང་ཡིད་མི་ཆེས་པར་གྱུར། དེ་ཡང་ཇོ་བོར་ཕྲ་རྒྱན་རྩ་ཆེན་ཞིག་ཕུལ་སོང་ཟེར་བའི་རྒྱ་མོ་ལོ་ཉུང་ཞིག་གིས་རང་གི་ལག་ཏུ་དངོས་སུ་སྤུ་ཤད་ཅིག་ཐོགས་ཏེ། བག་ལྷོད་ལྷོད་ངང་ཇོ་བོའི་སྐུ་ལ་གསེར་ཆུ་བྱབས་ཀྱིན་འདུག (སྐད་ཆ་དྲང་མོར་བཤད་དགོས། ཁོ་མོས་ཁ་ཐུམ་བརྒྱབ་འདུག) སེམས་ཉིད་མི་དག་པའི་ང་ལྟ་བུར་མཚོན་ན་བཟོ་ལྟ་འདི་འདྲ་ནི་རྣམ་རྟོག་ལངས་པ་ཞིག་རེད། དགོས་སུ་གཙུག་ལག་ཁང་གི་གྲྭ་པས་དེ་ལྟར་གནང་ཆོག་པ་ཞིག་ཡིན་ནམ། གནང་རུང་བ་ཞིག་ཡིན་ནམ་སྙམ་བྱུང་།

དེ་མིན། ན་ནིང་ངས་བར་སྐོར་ནས་འཇམ་པའི་དབྱངས་ཀྱི་ལི་སྐུ་མཐེབ་ཚད་མ་ཞིག་བླུས་ནས་ཁོག་ཏུ་གཟུང་གཞུག་ཕུལ་ཞིང་རབ་གནས་ཀྱང་ལེགས་པར་གནང་དུ་བཅུག་རྗེས། གཙུག་ལག་ཁང་དུ་ཁྱེར་ནས་ཇོ་བོ་རིན་པོ་ཆེར་གསེར་ཆུ་བྱུགས་སྤྱད་ཀྱི་སྤུ་ཤད་དེ་སྟེང་དུ་རེག་ཙམ་མམ། ཡང་ན་གསེར་ཁུ་ཐིགས་པ་གཅིག་སྟེང་དུ་ཟགས་པར་བྱེད་རོགས་ཞུས་ཀྱང་། ཇོ་བོའི་སྐུ་མདུན་གྱི་གྲྭ་པས་ཁྱོན་ནས་གནང་མ་སོང་། དེར་ངས་གོང་གི་གཏམ་རྒྱུད་དེ་དྲན་ཞིང་གཤིབ་བསྡུར་ཞིག་བྱས་ཙ་ན་སེམས་ལ་མི་སྐྱིད་པ་ཞིག་ཤར་རེར་ཐོན།

ཡང་བསམ་བློ་ཞིག་བཏང་ན། གྲྭ་པ་དེས་ངའི་རེ་བ་དང་ལེན་མ་བྱས་པ་ཅི་བས་ཀྱང་འགྲིག་འདུག ལར་ཇོ་བོ་རིན་པོ་ཆེ་ལས་དག་གཙང་ཡོང་དགོས་པའི་དད་རྟེན་ཞིག་བོད་ཀྱི་ཡུལ་ན་མེད་ལ། ཇོ་བོ་རིན་པོ་ཆེ་ལས་གཉན་འགངས་ཆེ་བའི་ཞིང་མཆོག་ཅིག་ཀྱང་བོད་ཀྱི་ཡུལ་འདིར་རྙེད་རེ་སྐན། དེ་བས་བོད་ཀྱི་མཇལ་བ་སུ་ལ་མཚོན་ན་ཡང་། ཇོ་བོར་མཇལ་དུས་རང་གི་ཁ་རླངས་ཇོ་བོར་མི་ཕོག་པའི་ཚུན་ཆོད་དུ་འཛེམ་ཟོན་བྱེད་པ་རེད། འོན་ཀྱང་། ད་རེས་ཇོ་ཁང་ལ་མེ་དགྲ་བྱུང་བ་དང་འབྲེལ་ཏེ། ཇོ་བོའི་དབུ་རྒྱན་གསར་དུ་བརྗེས་སོང་ཟེར་བའི་གཏམ་དེ་ཐོག་མར་རྣ་བས་ཐོས། དེ་མ་ཐག་ངའི་ཡིད་ལ་དྲན་པ་ནི། ཇོ་བོའི་དབུ་རྒྱན་ནི་རྗེ་རིན་པོ་ཆེས་ཕུལ་བ་མིན་ནམ། དེ་ནི་རང་དགར་བརྗེས་ཆོག་པ་ཞིག་ཡིན་ནམ་སྙམ་བྱུང་། དེ་ནས་འབྲེལ་ཡོད་དེབ་ལ་བལྟས་ཙ་ན། ལོ་རྒྱུས་སྟེང་ནས་ཇོ་བོར་དངོས་འབྲེལ་དབུ་རྒྱན་གསར་པ་འགའ་བརྗེས་མྱོང་འདུག ངོ་མ་རང་ཉིད་ལ་ལྟ་རྒྱ་ཆུང་བས་ལན་པ་རེད། འོན་ཀྱང་རྗེ་རིན་པོ་ཆེའི་རྗེས་ཀྱི་ཇོ་བོའི་དབུ་རྒྱན་དེ་དག་གི་སྦྱིན་བདག་ནི་རྒྱལ་དབང་ལྔ་བ།རྒྱལ་དབང་བདུན་པ། སྟག་བྲག་རིན་པོ་ཆེ་ལྟ་བུའི་མཁས་ཤིང་མཛངས་ལ་ཁ་རྗེ་དབང་ཐང་ཆེ་བ། ནང་སྒོས་སུ་བོད་མགོ་ནག་ཡོངས་ཀྱིས་བརྩི་ཞིང་འཁུར་བའི་སྐྱེས་བུ་དམ་པ་ཁོ་ན་རང་རེད། དེ་བས་ཁོ་བོས་ཤེས་ཚོད་ལྟར་ན། ཇོ་ཁང་གི་གཉེར་པ་ལྟ་བུའི་ཕལ་འབངས་ཤིག་གིས་རང་ཐག་བཅད་དེ་ཇོ་བོར་དབུ་རྒྱན་བརྗེས་པ་ད་རེས་ཀྱི་འདི་ཐེངས་དང་པོ་ཡིན་པ་འདྲ།

ཡང་སྟབས་ཉེས་ཏེ། ཏག་ཏག་དབུ་རྒྱན་གསར་པ་དེ་བསྒྲོན་ནས་རིང་བོ་མ་ལོན་པར་ཇོ་ཁང་ལ་མེ་དགྲ་བྱུང་བ་རེད། དེ་བས་དབུ་རྒྱན་གསར་པ་མ་འགྲིག ཆོས་སྐྱོང་སྲུང་མའི་འཁུ་འཕྲིག་རེད་ཅེས་ལབ་མཁན་ཡང་གང་མང་མང་བྱུང་འདུག དེ་ཡང་གཙོ་བོ་མ་རེད། གཙོ་བོ་ནི། དགེ་བཤེས་འཇམ་དཔལ་བློ་ཤེས་ཞུ་བས་དབུ་རྒྱན་གསར་པའི་སྐོར་གྱི་དོགས་སེལ་ལ་རྩོམ་ཡིག་འདྲ་ཆགས་པོ་ཞིག་བྲིས་པ་དེ་རེད། དེས་ནི་སྔུན་མ་རྣམ་རྟོག་ཙམ་གྱི་ཚད་ན་ཡོད་པའི་དོན་དེ་ད་ལྟའི་ཚབས་ཆེན་འདིའི་ཚད་དུ་བཏང་བ་རེད་སྙམ། (ཁོང་གི་ཕྱག་རྩོམ་དེའི་ཁ་བྱང་ལ<ཇོ་བོའི་དབུ་རྒྱན་དང་འབྲེལ་བའི་གསལ་བཤད>ཅེས་ཞུ། ཀློག་གྲོགས་ཚོས་ཁོང་གི་རྩོམ་དེ་ལ་གཟིགས་རོགས།)
(རྩོམ་གྱི་དགོས་དབང་གིས་བར་བར་དུ་དགེ་བཤེས་ཚང་གི་རྩོམ་ལས་སྐད་ཆ་གཙོ་བོ་རེ་ལུང་དུ་འདྲེན་དགོས་ཡོད།)

་་་རང་ཉིད་བོད་དུ་ཡོང་ནས་ལོ་ངོ་བདུན་ཙམ་སོང་བ་དེའི་རིང་ལ། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པའི་ཆོས་དང་རིག་གཞུང་ཁོ་ན་སྙིང་ལ་བཅངས་ཏེ་་”
“་་་རང་ངོས་ནས་ནང་བསྟན་སློབ་གླིང་གི་བདག་གཉེར། སློབ་མ་གསོ་སྐྱོང་། དམངས་ཚོགས་སློབ་གསོའི་མཚོན་པའི་བསྟན་པ་མི་རིགས་ཀྱི་དོན་ལ་དགའ་འོས་པའི་ལས་དོན་མང་པོ་ཞིག་འགྲུབ་སོང་་་

གོང་གསལ་ནི་དགེ་བཤེས་ཚང་གིས་རྩོམ་དེའི་ནང་ནས་རང་གིས་རང་ལ་གདེང་འཇོག་བྱས་པའི་སྐད་ཆ་རེད།

དམངས་ཚོགས་ནུས་མེད།” “ལོག་བསྒྲུབ་མཁན།” “རི་བོང་ཅལ་འདྲོགས།” “རིག་གནས་ཀྱི་ཆུ་ཚད་མེད་པའི་མི།”“རི་བོང་གནམ་བརྡིབས་ཀྱི་བསམ་བློའི་ལྐུགས་རྟགས།” “མཐོ་དམན་རིམ་པ་རང་ཚད་ནས་འཇོག་མི་ཤེས་པ་འདི། སྤྱིར་ན་བློ་རྒྱ་ཆུང་། གཉིས་ནས་ཤེས་ཡོན་མེད། གསུམ་ནས་རང་སྣང་མཐོ་བའི་སྐབས་སུ་འདི་འདྲ་ཡོང་བ་ཆོས་ཉིད་ཡིན།” “རྣམ་དཔྱོད་མེད་པའི་རིགས་འགའ་ཞིག” “ཤིན་ཏུ་ལྐུགས་རྟགས་བསྟན་པ།

འདི་དག་ནི་དགེ་བཤེས་ཚང་གིས་ཇོ་བོའི་དབུ་རྒྱན་བརྗེས་པའི་ཐད་ལ་དོགས་འདྲི་དང་ཐེ་ཚོམ། མི་དགའ་དང་འཁང་ར། མདོར་ན་ཁོང་རྣམ་པའི་ལྐོག་ལྐོག་སུད་སུད་ཀྱི་ལས་བྱ་དེ་ལ“ལགས་སོ”མི་ཞུ་མཁན་རྣམས་ལ་གདེང་འཇོག་བྱེད་སྟངས་རེད།

རེད་ལགས། དགེ་བཤེས་ཚང་གིས་རྩོམ་འདི་བརྒྱུད་ནས་རང་ཉིད་ལ་གདེང་འཇོག་བྱེད་སྟངས་དང་། ཁོ་བོ་ཐེ་བའི་དོགས་འདྲོགས་ཅན་དག་ལ་གདེང་འཇོག་བྱེད་སྟངས་གཉིས་ཀྱི་བར་ན་གནམ་ས་ལྟ་བུའི་ཧེ་བག་འདུག་མོད། དགེ་བཤེས་ཁྱེད་ཚང་ལ་ད་དུང་སྐད་ཆ་ཚིག་འགའ་ནན་གྱིས་འདྲི་རྒྱུ་ཡོད་པས་དགོངས་འགལ་མེད་པ་ཞུ། ལྷག་དོན། ཁ་གསལ་སྙིང་དག་གི་དྲིས་ལན་ཞིག་ཡོད་པའི་རེ་བ་ཞེ་ཐག་པ་ནས་ཞུ།

༡ ངས་རྩོམ་དང་པོ་དེར་བཀོད་པ་བཞིན། <ལྷ་སའི་ཉིན་རེའི་ཚགས་པར>གྱི་སྤྱི་གཞུང་སྐད་འཕྲིན་སྟེགས་བུས(“拉萨发布”) པར་རིས་གཙོ་བོ་ཡིན་པའི་གསར་འགྱུར་སྤེལ་བ་ལས་མཐོང་ཐུབ་པ་ནི། ཇོ་བོའི་སྐུ་རྒྱབ་དང་སྟེང་ཐོག གཡས་གཡོན་སོགས་ཀྱི་མཐའ་རྒྱན་ཡོངས་སུ་གོས་སེར་པོས་བཏུམ་འདུག་ལ།ནང་སྒོས་དེ་སྔོན་ཁྱེད་རྣམ་པས་བསྒྲོན་ཡོད་པའི་དབུ་རྒྱན་གསར་པ་དེ་མཐོང་རྒྱུ་མེད་པར། ཇོ་བོའི་དབུ་ལ་སྔ་མའི་དེའམ་དེ་དང་ཆ་འདྲ་བའི་དབུ་རྒྱན་ཞིག་གསོལ་འདུག དེ་བས། སྔོན་མ་ང་ཚོས་དབུ་རྒྱན་རྙིང་པ་དེ་ག་པར་ཡོད་ཅེས་དྲིས་པ་ཡིན། ད་ནི་དེ་མ་ཡིན། ད་ནི་ང་ཚོས་འདྲི་རྒྱུ་ནི། ཁྱེད་དག་གིས་གསར་དུ་ཕུལ་བའི་དབུ་རྒྱན་དེ་ཅིའི་ཕྱིར་བླངས་པ་ཡིན། དེ་ད་ལྟ་ག་པར་བཞུགས་ཟེར་བ་དེ་ཡིན།

༢ “ཉེ་ལམ་གསར་དུ་ཕུལ་བའི་དབུ་རྒྱན་འདི་ནི། གཙུག་ལག་ཁང་གི་གཉེར་པ་བློ་བཟང་བསྟན་འཛིན་གྱིས་འགན་ཁུར་ནས་ལོ་མང་རིང་དཀའ་ལས་བརྒྱབ་སྟེ། ཆེས་ཐོག་མར་རྗེ་ཙོང་ཁ་པས་ཕུལ་བའི་དབུ་རྒྱན་རིག་གསར་སྐབས་བོར་བརླག་སོང་བར་གཏོར་སྐྱོན་ཅུང་ཟད་ཐེབས་པ་དེ་རྙེད་སོན་བྱུང་ནས་དེའི་ཆ་ཤས་དེ་ཚོ་གཞིར་བྱས། དེ་ལ་ཁ་སྣོན་དང་ཞིག་གསོས་སྤུས་ལེགས་ཞུས་ཏེ། གཙུག་ལག་ཁང་རང་གི་གཉེར་པ་སོགས་ཀྱིས་ཞིག་གསོ་བཟོས་པ་ཞིག་ཡིན་ཞེས་དང་། སྦྱིན་བདག་སོགས་གཞན་སུ་ཡང་མེད་ཅེས་གཙུག་ལག་ཁང་གི་གཉེར་པ་རང་ནས་གསུངས་སོང་། དེ་མིན་ང་ཚོས་དེའི་སྐོར་གང་ཡང་ཤེས་ཀྱི་མེད་ལ་དོ་སྣང་ཡང་དེ་ཙམ་བྱེད་ཀྱིན་མེད།་་་་དབུ་རྒྱན་འདི་ནི་རྗེ་བླ་མ་རང་གིས་ཕུལ་བའི་དབུ་རྒྱན་ཇི་མ་ཇི་བཞིན་ཞིག་གསོས་བྱས་ཡོད་ཅེས་གཉེར་པས་གསུངས་པ་ལྟར་བཟོས་ཡོད་འདུག་པས་དེ་ལ་ཕྲ་རྒྱན་གཡུ་མ་གཏོགས་གཟི་བྱུར་གཞན་ཉུང་ཉུང་ལས་མེད་པ་རེད། མ་ཟད་དབུ་རྒྱན་གསར་པ་ཡིན་ན་རྙིང་པའི་གཟི་བྱུར་དེ་ལ་རྒྱན་དགོས་དོན་གང་ཡང་མེད་པས་རི་བོང་གནམ་རྡིབ་ཀྱི་བསམ་བློས་ལྐུགས་རྟགས་དེ་འདྲ་མ་བསྟན་ན་ཅིས་ཀྱང་བཟང་།”

གསུང་ཐལ། འོན་ཀྱང་། རང་གིས་དཔའ་ཁས་ལེན་གནང་ཚར་བས། དགེ་བཤེས་ཚང་ད་ལྟ་དབུ་རྒྱན་གསར་པ་བརྗེ་མཁན་ཚོའི་མགྲིན་ཚབ་པར་ཆགས་ཡོད་པ་ལྟ་ཅི་སྨོས། དེ་བས་བོད་མིའི་དྲང་ཐད་ཀྱི་དྲི་བ་ལ་ལན་འདེབས་པའི་འོས་འགན་ཁྱེད་ཚང་གི་ཕྲག་ལ་རང་བཞིན་སྒོས་བབས་ཡོད་པ་རེད། དེར་ཡང་། དེ་རིང་གི་བོད་མིའི་དགའ་སྡུག་རེ་དོགས་ཀྱི་ངོས་ནས་བཤད་ན། གནམ་གྱིས་མི་ཐེག་ཅིང་ས་ལ་མི་ཤོང་བའི་ལས་བྱ་འདིའི་འོས་འགན། ཅིའི་ཕྱིར་གཉེར་པ་ཆུང་ཆུང་ཞིག་གི་མགོར་བབས་པ་རེད། ཡང་ན། གཉེར་པ་ཆུང་ཆུང་ཞིག་ལ་འདི་འདྲའི་སྤོབས་པ་ཆེན་པོ་ཞིག་སུས་བསྩལ་བ་རེད།

དེའི་འཕྲོར། གངས་ཅན་མཁས་པའི་གཙུག་རྒྱན༧རྗེ་ཙོང་ཁ་པ་ཆེན་པོས་ཇོ་བོར་ཕུལ་བའི་དབུ་རྒྱན་དེ་རིག་གསར་སྐབས་སུ་བོར་བརླགས་སུ་སོང་རུང་། ཁྱེད་རྣམ་པས་དཀའ་ལས་བརྒྱབ་སྟེ་ཕྱིར་རྙེད་སོང་ཟེར། ཆོས་ལུགས་དང་རིག་གནས་སོགས་གང་ཅིའི་ཐད་ནས་བལྟས་ན་ཡང་དེ་ནི་དངོས་འབྲེལ་རིན་ཐང་གཞལ་དུ་མེད་པ་ཞིག་རེད། དེ་བས་བྱ་བ་དེའི་མགོ་རྔ་ཆ་ཚང་ཞིག་བོད་མི་ཡོངས་ལ་ལབ་རྒྱུ་ཡོད་པ་མཁྱེན། མདོ་རྩ་གཅིག་ཏུ་དྲིལ་ནས་བཤད་ན། དུས་རབས་གསར་པའི་དེང་གི་ཆ་འདིར། ནོར་གྱི་དབང་ཕྱུག་ཛམ་བྷ་ལ་དངོས་སུ་ས་སྟེང་དུ་བབས་པ་ལྟ་བུའི་སྦྱིན་བདག་ཆེན་པོ་གཅིག་གིས། ཇོ་བོ་རིན་པོ་ཆེར་རྣོ་རྡོ་རྗེ་ཕ་ལམ་རྐྱང་གི་དབུ་རྒྱན་ཞིག་གསར་བཟོ་བྱས་ན་ཡང་། རྗེ་ཙོང་ཁ་པ་ཆེན་པོས་ཕུལ་བའི་དབུ་རྒྱན་དེའི་དོ་ཟླར་རྩ་བ་ཉིད་ནས་ཐོན་ཐབས་མེད་ཟེར་བ་འདི་ཡིན། དེའི་རྒྱུ་མཚན་ནི་གོང་གསལ་ལྟར། ང་ལྟ་བུར་མཚོན་ན་ལོ་རྒྱུས་དོན་སྙིང་དང་། དེའི་སྟེང་དུ“བྱིན་རླབས”ཟེར་བ་དེ་ལ་ཞེན་ཆགས་བྱས་པ་ཡིན།

དེའི་འཕྲོར། “སྦྱིན་བདག་སོགས་གཞན་ཅི་ཡང་མེད”ཟེར་བ་འདི་རེད། དབུ་རྒྱན་གསར་པ་དེ་གཙོ་བོ་གསེར་དང་གཡུ་རེད། བཟོ་རྩལ་ཡང་ཁྱད་དུ་འཕགས་པར་འདུག ཆེན་པོ་ལྗིད་མོ་ཡིན་པ་ཡང་བལྟས་པ་ཙམ་གྱིས་ཤེས་ཐུབ། དེ་བས། སྦྱིན་བདག་མེད་པའི་ཆ་རྐྱེན་འོག་ནས་ཇོ་བོར་འདི་འདྲའི་དབུ་རྒྱན་ཞིག་འབུལ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། ཁོང་རྣམ་པར་བར་ཆད་མེད་པ་ཞིག་ཡིན་ན་ནི། གསེར་ཞྭ་གསར་པ་དེའི་མ་དངུལ་ཇི་ལྟར་བསགས་ཚུལ་དང་། སྔ་གཞུག་ཀུན་ཏུ་སྤྱིའི་འགྲོ་གྲོན་ག་ཙམ་བཏང་ཚུལ་ལ་ཡང་ལན་ཞིག་ཡོད་པར་ཞུ། ལར་འདི་ནི་གསང་རྒྱ་གནང་དགོས་པའི་བྱ་བ་ཞིག་ཀྱང་མ་རེད་སྙམ། དེ་ལས་གཞན། “དེ་མིན་ང་ཚོས་དེའི་སྐོར་གང་ཡང་ཤེས་ཀྱི་མེད”ཟེར། དགེ་བཤེས་ཁྱེད་ཚང་ཤཱཀྱའི་དགེ་སྦྱོང་ཞིག་ཡིན་པ་ཅི་ལ་བསྙོན། དེའི་ཁར་ལས་ཀ་དེར་དངོས་སུ་ཞུགས་པ་རེད། དེ་བས་ཇོ་བོ་ཤཱཀྱ་མུ་ནེའི་དབུ་ལ་ཅི་ཞིག་འཇོག་གིན་པའི་ཐད་ལ་ཁྱེད་ཚང་གིས་གང་ཡང་མ་ཤེས་ན་མི་ཆོག་པ་འདྲ། འོ་ན་གཞན་ཞིག་གིས་ལྷམ་ཀྲད་ཅིག་ལ་གསེར་ཆུ་བྱུགས་ཏེ་ཇོ་བོའི་དབུ་ཐོག་ཏུ་བཞག་ཀྱང་། ཁྱེད་ཚང་གིས་གང་ཡང་མི་ཤེས་ཞེས་སྤྱན་དང་ཐོས་འཛིན་ཕྱག་གིས་བཀབ་སྟེ་བཞུགས་ཤག་གནང་རྒྱུ་ཡིན་ནམ། ད་དུང་། “དོ་སྣང་དེ་ཙམ་བྱེད་ཀྱིན་མེད”ཟེར། ཕྲན་གྱིས་བལྟས་ན། ཁྱེད་ཚང་ལྟ་བུའི་དམིགས་བསལ་གྱི་ཐོབ་ཐང་དང་འོས་བབས་ཡོད་པའི་སྐྱེ་བོ་ཞིག་ལ་མཚོན་ན་ནི། དོན་དེ་གཏིང་གསལ་མཐུལ་ཕྱིན་ཞིག་ཤེས་དགོས་ཡོད་པར་མ་ཟད། དོ་སྣང་ཡང་རབ་ཀྱི་རབ་ཅིག་གནང་དགོས་འདུག་སྙམ།

གཞན། དགེ་བཤེས་ཚང་ལ་མཚོན་ན་གོང་ནས་ཁོང་རང་གིས་གསུངས་པ་ནང་བཞིན། སངས་རྒྱས་བསྟན་པ་ཁོ་ན་ལས་མི་བསམས་མཁན་ཞིག་ཡིན་ཟེར།དེ་ལྟ་ན་སེམས་ཀྱི་ཐེ་ཚོམ་དག་གི་འཁྲུན་ཐག་གཅད་དགོས་ཚེ། གཏམ་དང་བློ་ཡི་ཕུགས་སོ་གཏོད་ས་བཅོམ་ལྡན་རྒྱལ་བ་དང་མགོན་པོ་ཀླུ་སྒྲུབ། རྗེ་བདག་ཉིད་ཆེན་པོ། ད་དུང་རང་གི་དྲིན་ཅན་རྩ་བའི་བླ་མ་སོགས་ཡིན་ན་འོས་མོད། ཁ་ཡར་གྲག་མར་གྲག་གང་གི་ཆ་ནས་ཀྱང་རྒྱབ་རྟེན་དུ་ཇོ་ཁང་གི”གཉེར་པ་བློ་བཟང་བསྟན་འཛིན”ཟེར་བ་འདྲེན་གྱིན་འདུག དེ་ནི་དཔེ་ཆུས་ཁྱེར་མི་ལ་མིས་འཇུས་བཞིན་ཟེར་བ་དེ་མིན་འགྲོ། ཡང་གཅིག་བཤད་ན། དགེ་བཤེས་ཚང་གིས་ཇོ་བོའི་དབུ་རྒྱན་གསར་དུ་བརྗེས་པའི་དོན་རྫོབ་པོ་འདི་དང་བར་ཐག་དགྱེད་འདོད་པ་ཡིན་ན་ཐང་མོད། གཉེར་པ་འདི་ཁ་ལ་ཁྱེར་ཙམ་གྱིས་དོན་འདིའི་གཏིང་ཐག་ཆོད་རེ་སྐན། དངོས་འབྲེལ་དེ་འདྲའི་ཐུགས་འགྱོད་དང་ཞེ་བཅད་ཡོད་ན་ནི། འཁང་ར་དང་སྡིགས་མོ་སོགས་ཅོལ་ཆུང་གི་ཁ་སྟབས་ཅི་ཡང་མེད་པའི་སྒོ་ནས། ཇོ་བོའི་དབུ་རྒྱན་གསར་པའི་ཐད་ཀྱི་དོགས་སེལ་ཐེམ་སྤངས་གནད་སྨིན་ཞིག་གནང་རྒྱུ་བྱུང་ན་ནི། ངན་བཤད་སྦྲུལ་གྱི་མདུད་པ་རང་སར་ཞིག་མི་འགྲོའམ།

༣ “མ་ཟད་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་དང་བདག་གཉེར་འོག་ལ་ཡོད་པ་དང་།ལས་བྱེད་པ་དང་བླ་སྤྲུལ་དགེ་བཤེས་དེ་ཚོའི་དཀྱིལ་ནས་དབུ་རྒྱན་རྙིང་པ་སུ་ཞིག་གིས་ཁྱེར་ནུས། ཡིན་ནའང་རྣམ་དཔྱོད་མེད་པའི་རིགས་འགའ་ཞིག་གིས། དབུ་རྒྱན་སྒྲོན་ཚར་རྗེས་ཀྱི་ཇོ་བོར་མཇལ་བ་དང་། ཇོ་བོར་མཇལ་ཁ་རེ་ཞུས་དུས། ད་རྙིང་པ་མི་འདུག་ཨ། ཟེར་དུས་རང་གིས་གཅིག་བལྟས་ནས་མི་འདུག་ཁྱེར་ཚར་བ་འདྲ་ཟེར་མཁན་ཡང་འདུག་ཟེར། དེ་ནི་ཤིན་ཏུ་ལྐུགས་རྟགས་བསྟན་པ་ཞིག་ལས་རྙིང་པ་ཡོད་ཚད་ཇོ་བོའི་མདུན་དུ་འཇོག་གི་མ་རེད་ལ། ཇོ་བོའི་དབུ་རྒྱན་ལྔ་དྲུག་ཅིག་ཡོད་པས་ཡོད་ཚད་མཆོད་མཇལ་བས་མཐོང་སར་འཇོག་ག་ལ་དགོས། བོད་རིགས་ཚོ་བོད་རིགས་ཚོ། དེ་འདྲའི་གནས་ལུགས་ཤིག་དགོས་ཚོད་འདུག་པས་ཚང་མ་སེམས་ལྷོད་ལ་བབས་ནས་དོན་དངོས་གང་ཡིན་དཔྱད་པར་ཞུ།”

དེ་ལྟར་ཟེར་ན་ཁྱོད་མཁས་པས་ལ་ཉུལ་ལུང་ཉུལ་བྱོས། ང་བླུན་པོས་ལམ་མདོ་གཅིག་ནས་སྒུགདེ་ཡང་། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་དང་བདག་གཉེར་ཟེར་བའི་འོག་ཏུ་ཡོད་པ་ཞིག་ཡིན་ཕྱིན། ནམ་ཡང་གྱོང་མེད་གུད་མེད་བོར་མེད་བརླགས་མེད་ཅིག་ཡིན་སྲིད་པའི་ངེས་པ་ཡོད་དམ་མེད། ང་བརྒྱད་རིག་གསར་སོགས་ཀྱི་སྐབས་མི་གླེང་བར་བྱེད། ལོ་རབས་བརྒྱད་ཅུའི་ནང་སྐུ་འབུམ་བྱམས་པ་གླིང་གི་གསེར་གདུང་མདུན་གྱི་གསེར་ཀོང་རྐུ་ལ་ཤོར་བ་དང་། ད་རེས་ཀྱི་ལྷ་ལྡན་གཙུག་ལག་ཁང་ལ་མེ་དགྲ་བྱུང་བ་འདི་གཉིས་ཀྱི་སྟེང་ནས་ཀྱང་དེ་ལ་ལན་གསལ་པོ་ཞིག་མི་རྙེད་དམ། དེ་བས་དབུ་རྒྱན་གསར་པ་བརྗེ་བའི་ལས་རིམ་ལ་ཡང་མི་སྲིད་པའི་སྲིད་པ་ཞིག་ཡོད་ཚོད་མ་རེད། དེ་མིན། “དབུ་རྒྱན་ཡོད་ཚད་པོ་ཇོ་བོའི་མདུན་དུ་འཇོག་ག་ལ་དགོས”ཟེར། དེ་ཡང་རེད། ཇོ་བོའི་མདུན་དུ་དེ་འདྲའི་དབུ་རྒྱན་མང་པོ་ཞིག་ག་ལ་ཤོང་། འོ་ན་དབུ་རྒྱན་དེ་དག་ག་པར་འཇོག་སྲིད། གང་ནས་མཇལ་ཐུབ། ལར་ཁྱེད་དག་ལ་དབུ་རྒྱན་གསར་པ་བཟོ་བའི”རྫུ་འཕྲུལ”ཆེས་ཆེར་མངའ་ན་ཡང་། ཁོ་བོ་ལྟ་བུའི་སེམས་ཀྱི་སྐད་ཆ་ནི། དུས་ལ་བབས་ན་མ་གཏོགས། ཇོ་བོའི་དབུ་རྒྱན་ལ་སྔ་མའི་སྔ་མ་དང་རྙིང་པའི་རྙིང་པ་དེ་ལས་ལྷག་ཅིག་མེད་ཟེར་བ་འདི་ཡིན།

དེའི་འཕྲོར། “བོད་རིགས་ཚོ་བོད་རིགས་ཚོ། དེ་འདྲའི་གནས་ལུགས་ཤིག་དགོས་ཚོད་འདུག་པས་ཚང་མ་སེམས་ལྷོད་ལ་བབས་ནས་དོན་དངོས་གང་ཡིན་དཔྱད་པར་ཞུ།” ཟེར། རེད་ལགས། ང་ཚོ་ཡང་དེ་ཙམ་ལས་ཆེ་ས་མཐོ་ས་ཞིག་ལ་འཕྲོས་ཏེ་འགྲོ་ཡི་མེད། འགྲོ་ཕོད་ཀྱང་མེད། ཡང་གཉེར་པ་བློ་བཟང་བསྟན་འཛིན་མགོ་ཁྲིད་དང་། ཁྱེད་རང་མགྲིན་ཚབ་པར་གྱུར་བའི་ཇོ་བོར་དབུ་རྒྱན་གསར་པ་བརྗེ་མཁན་ཚོས་དེ་དོན་གསལ་པོར་མཁྱེན་ཡོད་པས། ངེད་ཚོས་ཀྱང་། དགེ་བཤེས་ཚོ་དགེ་བཤེས་ཚོ། ཁ་དང་ཁོག་པས་མི་གསང་བར། གློ་དང་རྒྱུ་མས་མི་བསྐུང་བར། དོན་འདིའི་གོ་རིམ་ཇི་མ་ཇི་བཞིན་དུང་ང་ཚོར་གསུང་རོགས་ཞུ་ཞེས་བརྗོད་པ་ཙམ་ཡིན་གྱི། བརྒྱ་ལ་དེ་ལྟར་ཡོང་ན་ནི། ཁྱེད་ཚང་གིས་གསུང་བའི་རི་བོང་གནམ་རྡིབ་དང་རི་བོང་ཅལ་འདྲོགས་སོགས་ཀྱི་ཁ་ལ་ཡང་རང་ཤུགས་ཀྱིས་རྡོ་རྗེ་རྒྱ་གྲམ་དཔར་བཞག་པ་མིན་ནམ།

༤ “ཇོ་བོ་རིན་པོ་ཆེ་ལ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་དབུ་རྒྱན་གསོལ་བ་ནས་བཟུང་སྟེ་དབུ་རྒྱན་གསར་པ་བཅུ་གྲངས་ཤིག་བརྗེས་ཡོད་པ་རེད། ལྷ་དེ་དག་མ་འཁྲུགས་པར་ད་ལན་འཁྲུགས་སོང་བ་ཡ་མཚན་རེད།” “སྲུང་མ་མ་དགའ་བ་རེད་ཟེར་ན། འོ་ན་དབུ་རྒྱན་གསར་པ་བརྗེས་པ་ལ་སྲུང་མ་དག་མི་དགའ་ན། འོ་ན་ན་བཟའ་དང་ཞལ་གསེར་གསར་པ་བརྗེས་པ་ལ་མ་དགའ་བ་ཡོད་དམ་མེད།” “གལ་སྲིད་ད་རེས་དབུ་རྒྱན་བརྗེས་པ་ལ་ལྷ་མ་དགའ་བ་ཡིན་ན། དབུ་རྒྱན་བརྗེ་མཁན་དག་ཚར་གཅོད་དགོས་པ་མ་གཏོགས། ཇོ་ཁང་ལ་མེ་རྒྱག་དགོས་དོན་གཏན་ནས་མི་འདུག” “རིག་གསར་སྐབས་སུ་ཇོ་ཁང་ཕག་ཚང་ལ་བཟོས་པའི་སྐབས་སུ་སྲུང་མ་དེ་དག་མ་དགའ་བ་བྱུང་རབས་དང་། དེ་དག་གིས་སུ་ཞིག་ལ་མེ་རྒྱབ་རབས་དང་ནད་ཡམས་བཏང་རབས་འདྲ་ཡོད་མེད་ལེགས་པར་སོམས་ཤིག

དགེ་བཤེས་ཚང་གིས་ག་རེ་གསུང་སོང་ངམ། ང་ལ་གོ་ནོར་ཐེབས་པ་མིན་ན། སྐད་ཆ་འདི་དག་གི་ཤུགས་བསྟན་ནི། ལྷ་སྲུང་མེད། ཆོས་སྐྱོང་མེད། རྣམ་སྨིན་མེད། ཉོན་མོངས་མེད། དགེ་སྡིག་མེད། མདོར་ན་ལས་རྒྱུ་འབྲས་ཟེར་བ་ཞིག་རྩ་བ་ཉིད་ནས་མེད་ཟེར་བ་དེ་ཡིན་ནམ། དེ་ཡང་སྐད་ཆ་འདི་དག་དཔེ་གཞི་གཅིག་གི་སྟེང་ལ་སྦྱར་ཏེ་བཤད་ན། ཇོ་ཁང་སྔོན་ཆད་ཕག་གསོ་ཁང་དུ་བཟོས་དུས་ཀྱང་སུ་ཞིག་ལ་དེ་མཚུངས་ཀྱི་རྒྱུ་འབྲས་འཁོར་རྒྱུ་མ་བྱུང་ལ་ཐ་ན་མེ་རྒྱག་རྒྱུ་ཙམ་གྱི་རྟགས་ཀྱང་སྟོན་རྒྱུ་ཡོད་རབས་མི་འདུག ད་རེས་ཀྱང་དེ་དང་གཉིས་སུ་མ་མཆིས་ཟེར་བ་དེ་རེད། ཡང་གཅིག་བཤད་ན། བཤད་སྟངས་འདི་འདྲ་ཡོད་མི་ཆོག་པ་ཞིག་ཀྱང་མ་རེད། དངོས་གཙོ་སྨྲ་བའི་མར་ལེ་རིང་ལུགས་སོགས་དམར་པོའི་ལྟ་བ་འཛིན་མཁན་ཚོས་ཏན་ཏན་འདི་འདྲ་ཤོད་ལ་བཤད་ཀྱང་ཆོག་ཆོག་རེད། གཙོ་བོ་ནི། སེམས་གཙོ་སྨྲ་བའི་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་པ་ཁས་ཆེ་མཁན་ཞིག་གི་ངོས་ནས་བལྟས་ན། ངེས་པར་སྒྲིམ་དགོས་པའི་གཏན་ཚིགས་རིགས་ཤིག་ཅུང་ཞིག་ལྷོད་དེ་མེད་དམ། ཐ་ན་སྐྱུར་འགོང་འོག་གི་འཇིག་རྟེན་པ་ཞིག་ལྟར་ཧོལ་རྒྱུག་དང་ཐོ་ཅོའི་དབང་དུ་སོང་མེད་ལས་ཆེ། དེ་བས། ཚད་མ་སྦྱང་མཁན་ཞིག་གིས་རྟགས་གསལ་ཐིག་པོ་གཏོང་བ་མིན་རུང་། ཁྱེད་ཚང་གིས“ཁ་ན་མ་ཐོ་བ”དེ་འདྲའི་མང་པོ་ཞིག་གི་སྦོམ་ས་དང་རིང་ས་ཕ་རོལ་པོའི་ཁ་ནང་ལ་འཕྲེད་དུ་བཞག་སོང་བས། ཀུ་རེ་ལ་མཁས་པ་ཞིག་གིས་ཀྱང་ཁྱེད་ཚང་ཨར་ལ་གཏོད་མི་འགྲོའམ། ལར་འདི་དག་ནི་སངས་རྒྱས་ལ་ཀ་ཁའི་དཔེ་རུ་སོང་བས་མང་པོ་བཤད་པའི་དགོས་པ་ཆུང་།

མཐའ་མཇུག་ཡང་བསྐྱར་ནན་གྱིས་ཞུ་འདོད་པ་ནི། གོང་གསལ་ཁོ་བོའི་དྲི་བ་དག་ལ་དགེ་བཤེས་ཚང་གིས་ལན་གནང་བར་ཞུ།
༢༠༡༨།༢།༢༥(ལུགས་རྙིང་ཟླ་དང་པོའི་ཚེས་པ་བཅུ)
འུག་ཚང་གོང་མ།