བསྒུགས་པ། སྒུག་པ། བསྒུག་པ།

དུར་བདག

སྐད་ཆ་བཤད་པར་གདངས་དང་རྣམ་འགྱུར་ལ།།
ཚིག་གི་གསེང་ན་དོན་གྱི་བཅུད་ཁུ་སྟེ།།
དེད་ཅིང་གཏུགས་ན་མཐའ་མ་མདོག་འབུད་དེ།།
ཕྱིས་ཤིང་བཀྲུས་ན་མདོག་ཀྱང་འགྱུར་ངེས་སོ།།

འདོད་འདུན་གསེར་གྱི་རྟ་ལ་གསེར་གྱི་སྒ།
དཀར་གཙང་དུང་གི་ལུང་ལ་གོས་ཀྱི་དར།།
མ་བསྲེས་ཚིག་གི་རྒྱུན་ལ་བཀྲམ་རྟགས་ཏེ།།
བློ་ལ་འགོངས་པའི་དོན་འདི་ཞུ་དཀའ་ཨང་།།

དལ་གྱིས་ག་ལེར་སྤོས་ན་རྗེས་མར་འགྱུར།།
བྲེལ་གྱིས་ལྡིང་སྟེ་བརྒྱུགས་ན་ཧམ་པར་འགྱུར།།
ཀུན་བསྟུན་ལམ་གྱི་བཞི་མདོའི་གཡས་གཡོན་ནས།།
གཅིག་པུ་འགྲེངས་ཏེ་སྡོད་པའི་ཚུགས་ཀ་བརྩོག །

ཁ་བ་བབས་ཀྱང་ཡ་གའི་རི་འགོ་སྟེ།།
ཆར་བ་བབས་ཀྱང་མ་གའི་རི་ཤོད་དེ།།
ཉིན་མཚན་གཉིས་ཀྱི་དྲོད་འཁྱག་མ་ཚོར་བ།།
དར་འཁྱག་རུམ་ལ་བཅུག་པའི་དགོང་མོ་གཅིག །

དགའ་དང་མ་དགའ་གླེང་བར་མི་འཚམས་པ།།
འཐད་དང་མི་འཐད་ཀྱང་ཡང་མི་བརྗོད་དེ།།
འགྲིག་ཅིང་མཐུན་པའི་བློ་ནི་རབ་ཉེ་པ།།
མོས་པའི་གྲོས་སུ་བཏབ་པ་མི་ཚོར་རམ།།

གཅེས་ཏེ་ལྡག་པའི་འདང་ནི་བཅའ་དཀའ་ཡང་།།
གླན་ཏེ་སྙིང་ལ་སྦྱར་བར་གདོན་མི་ཟ།།
གར་འགྲོ་གང་ལ་འཁྲིད་པའི་མནའ་དཀའ་ཡང་།།
གཏན་དུ་གྱེས་པའི་ཕྱོགས་ལ་མནའ་སྐྱེལ་ཆོག །

བསྟོད་པར་བསྟོད་པ་མཐུད་དེ་ཁ་དཀྲིས་མེད།།
སྙན་པོར་སྙན་པོ་བཏགས་ཏེ་སྐེ་དཀྲིས་མེད།།
མཐོ་དམའ་འཚམས་པའི་ཚིག་གི་སོ་ཁ་ནས།།
གང་ལ་ཟགས་ཀྱང་བྲང་གི་སྐད་ཆ་ཡིན།།

དངོས་མའི་ངོ་མ་བཤད་ན་ཡ་མཚན་ལ།།
རྫུན་མའི་རྗེས་མ་བཤད་ན་དོན་འགྲུབ་ཀྱང་།།
གང་གོམས་ལས་ལ་བཤམས་པའི་འཁྱམ་པོ་ཁོ།།
ཐེ་ཚོམ་སོམ་ཉིའི་བར་ན་ད་དུང་བསྒུག །

བརྒྱ་ཡིས་ནོར་འདུག་ཟེར་ན་ཕམ་གྱི་མེད།།
འགའ་ཡིས་མ་རེད་ཅེས་ན་ཅི་ལ་སྨྲེང་།།
རང་གི་གོམ་སྣེ་རང་བདག་ནུས་ཀྱང་མོད།།
ཁོག་པའི་སྙིང་འདི་ཁྱོད་ལ་འབྱར་ནས་ལུས།།

དྲན་པ་ཁྱོད་ལ་མ་སྨྲས་སུན་པར་ཞེད།།
སྐྱོ་བ་ངག་ལ་མ་བོས་གོ་བར་འཚེར།།
ཞེད་འཚེར་ཚོར་བ་གདུ་བའི་དམྱལ་ཟངས་ན།།
མ་ལྡུར་རྡོག་རྡོག་ཡོད་པ་བདག་ཆུང་ཆུང་།།

བརྒྱུག་སྟེ་འཐམ་ན་མ་རབས་གླེན་རྟགས་ལ།།
བསྒུག་ཅིང་བསྡད་ན་དེའང་སྨྱོ་རྟགས་ཏེ།།
བློ་ཐག་ཆོད་པའི་ཚིག་ཅིག་ཁྱོས་མ་ཤོད།།
དོན་ལ་གནས་པའི་ལན་ནི་ངས་མ་གོ །

བསྒུགས་ཏེ་བསྡད་ཀྱང་བསམ་པ་མ་འགྲུབ་ཅིང་།།
སྒུག་སྟེ་བསྡད་ན་ཅི་བྱུང་མི་ཤེས་ཀྱང་།།
བསྒུག་པའི་བློ་ནི་གཏུབ་ཐབས་མ་མཆིས་པས།།
སྒུགས་ཞེས་མ་བཤད་ཀྱང་ནི་བསྡད་པར་བཟོད།།

དེ་རིང་ཁོམ་པས་ཚིགས་སུ་བཅད་དེ་བྲིས།།
སང་ཉིན་ཁོམ་ན་ཡང་དུ་འབྲི་རྒྱུ་ལགས།།
གནངས་ཉིན་བྱུང་ན་མུ་རུ་འགོད་རྒྱུ་ཡིན།།
མཐུད་དེ་འབྲི་བ་བསྒུག་པའི་གླུ་དབྱངས་སོ།།

༢༠༡༥།༠༡།༢༣ མཚན་དཀྱིལ།