བོད་ཀྱི་དུས་བབ་གསར་ཁང་ནས་ཕྱི་ལོ་ ༢༠༡༧ ལོའི་བོད་ནང་གི་གནས་ཚུལ་ཆེ་ཁག་བཅུ་ཕྱོགས་བསྡུས་བྱས་པ།

ཕྱི་ཟླ་དང་པོའི་ཚེས་ ༡༥ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་སྟེང་། ཆེ་དགྲ་ལྷ་ཟེར་བ་བློ་བཟང་རྒྱལ་མཚན་གྱི་ཚབ་ཏུ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཏུ་བསྐོས་ཡོད་པ་དང་། པད་མ་འཕྲིན་ལས་ཀྱིས་དགོངས་པ་ཞུས་པའི་ཚབ་ཏུ་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་རྡོ་ཐོགས་ཚོགས་གཞོན་དུ་བསྐོས།

གཞོན་པའི་བཙན་རྒོལ་རང་བསྲེཊ།

ཕྱི་ཟླ་ ༣ ཚེས་ ༡༨ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་ ༤ ཡས་མས་ཤིག་ལ། དཀར་མཛེས་ཁུལ་ཉག་རོང་རྫོང་མཚོ་ཁ་དགོན་གྱི་ཉེ་འཁྲིས་སུ་རང་ལོ་ ༢༤ ཡིན་པ་པདྨ་རྒྱལ་མཚན་ནམ་པད་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་བསླེབས་ཏེ་ལུས་སྟེང་གི་མེ་བསད་དེ་བཙན་འཁྲིད་བྱས་རྗེས་ཤི་གསོན་གྱི་གནས་ཚུལ་ཁ་གསལ་མི་འདུག པདྨ་རྒྱལ་མཚན་ལགས་ཀྱི་བསྡུས་མིང་ལ་པད་རྒྱལ་ཡང་འབོད་ཀྱི་ཡོད་པ་དང་། ཁོང་ནི་ཉག་རོང་རྫོང་མཚོ་ཁ་དགོན་པའི་ལྷ་སྡེར་གཏོགས་པ་ཕྱ་ཡུལ་གྲོང་པའི་ཕ་དབང་རྒྱལ་དང་། མ་ཡུལ་ལྷ་གཉིས་ལ་བུ་ཕྲུག་ལྔ་ཡོད་པ་ལས་བུ་རྒན་ཤོས་དེ་རེད།

ཨ་ཕའི་བཙན་རྒོལ་རང་བསྲེཊ།

ཕྱི་ཟླ་ ༤ ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཐོག་ཏུ་བོད་མི་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་ཕྱིས་སུ་སྐུ་གྲོངས་ཡོད་པ་དང་། ཁོང་གི་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག ཁོང་གི་ཕ་ཡུལ་གཅིག་པ་དཀོན་མཆོག་རྒྱལ་མཚན་ལགས་དང་ཉི་མ་ཚེ་རིང་ལགས། ཚེ་རིང་རྒྱ་མཚོ་ལགས། དེ་བཞིན་མིང་གསལ་བོ་མེད་པའི་མི་གཞན་ ༢ བཅས་འཛིན་བཟུང་བྱས་ཏེ། དོན་མེད་དུ་གཅར་རྡུང་དྲག་པོ་བཏང་རྗེས་མི་གཉིས་ཀློད་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་གཞན་རྣམས་གོ་ཐོས་མི་འདུག དབང་ཕྱུག་ཚེ་བརྟན་ལགས་ནི་དཀར་མཛེས་ཁུལ་ཉག་རོང་རྫོང་ཨ་བསེ་འབྲོག་པ་དགེ་ཆགས་གྲོང་སྡེ་ནས་ཡིན་པ་དང་། ཁོང་བཟའ་ཟླ་གཉིས་ལ་ཕྲུ་གུ་ལྔ་དང་ཨ་མ་རྒན་མོ་ཞིག་ཡོད་འདུག

བོད་ཀྱི་ཡིག་གཟུགས་ཉིན་མོ།

ཕྱི་ཟླ་ ༤ ཚེས་ ༡༥ དང་ ༡༦ ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་ཚོགས་ཡོད་པ་དང་། བགྲོ་གླེང་ཚོགས་འདུའི་ཐོག་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན། བོད་རང་སྐྱོང་ལྗོངས་བཅས་ནས་བོད་རིགས་ཡིག་གཟུགས་ཆེད་མཁས་པ་དང་། སློབ་གསོའི་གནད་ཡོད་མི་སྣ་ ༥༧ གྱི་གཙོས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་དོ་ཁུར་ཆེ་བའི་དགེ་སློབ་བཅས་མཉམ་ཞུགས་གནང་བའི་ཐོག བོད་ཡིག་དབྱངས་གསལ་སོ་བཞིའི་མཚོན་དོན་ལྟར་ལོ་རེའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འབེབས་གནང་།

སློབ་མའི་བཙན་རྒོལ་རང་བསྲེཊ།

ཕྱི་ཟླ་ ༥ ཚེས་ ༢ ཉིན་ཀན་ལྷོ་བསང་ཆུ་རྫོང་འབོ་ར་ནས་བོད་རིགས་གཞོན་ནུ་ཕྱག་རྡོར་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་དང་དམག་མི་བསླེབས་ཏེ་ཁོང་གི་ལུས་སྟེང་གི་མེ་བསད་ནས་ཀན་ལྷོ་ཁུལ་ཐོག་ཏུ་འཁྱེར་ཡོད་ཀྱང་ཕྱིས་སུ་སྐུ་གྲོངས་འདུག ཕྱག་རྡོར་སྐྱབས་ལགས་ནི་འབོ་ར་སློབ་འབྲིང་གི་རང་ལོ་ ༡༦ ཙམ་ཡིན་པའི་སློབ་མ་ཞིག་ཡིན་པ་དང་། ཁོང་གི་ཕ་མིང་ལ་བཟོད་པ་དང་མ་མིང་ལ་སྒྲོལ་མ་མཚོ་ཞུ་ཡི་འདུག

8364447790_6206bccf49_b

དགེ་འདུན་པའི་བཙན་རྒོལ་རང་བསྲེཊ།

ཕྱི་ཟླ་ ༥ ཚེས་ ༡༩ ཉིན་གྱི་མཚན་དཀྱིལ་ཙམ་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་གཅན་ཚ་རྫོང་མི་མང་སྨན་ཁང་གི་ཉེ་མཁྲིས་སུ། རང་ལོ་ ༢༩ ཡིན་པའི་དགེ་འདུན་པ་འཇམ་དབྱངས་བློ་གསལ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག ཁོང་ནི་གཅན་ཚ་རྫོང་སྣང་ར་ཡུལ་མཚོའི་མདུང་རྒྱ་སྡེ་བ་ནས་ཡིན་པ་དང་། གཅན་ཚ་རྫོང་ཁོངས་ནས་རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བ་ཐེངས་གཉིས་པ་དེ་རེད།

གླུ་སྐད་གསར་པའི་རྒྱལ་པོ།

ཕྱི་ཟླ་ ༡༠ ཚེས་ ༨ ཉིན་གྱི་དགོང་མོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་བྱེའུ་ཚང་ཨོ་ལོམ་ཕིག་རྩེད་འགྲན་ཚོགས་ར་ཆེན་མོའི་ནང་བསྡུས་པའི་སྐབས་གཉིས་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་སྐད་གསར་པའི་རྟིང་རྩོད་འགྲན་སྡུར་ཐོག ཕ་ཡུལ་གཙང་ཕྱོགས་ནས་ཡིན་པའི་བོད་ཀྱི་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ནས་ཨང་དང་པོ་བླངས་ཡོད་པ་དང་། བཀྲ་ཤིས་ཕུན་ཚོགས་ལགས་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་གླུ་སྐད་གསར་པའི་གར་སྟེགས་སྟེང་ནས་ཨང་དང་པོ་ལེན་མཁན་བོད་རིགས་ཐོག་མ་དེ་ཆགས།

དགེ་འདུན་པའི་བཙན་རྒོལ་རང་བསྲེཊ།

ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་དཀར་མཛེས་རྫོང་ཐོག་ཏུ། མཚན་ལ་བསྟན་དགའ་ཞུ་བའི་དགེ་འདུན་པ་ཞིག་གིས་རང་ལུས་མེ་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། བསྟན་དགའ་ལགས་དགུང་ལོ་ ༦༣ ཡིན་ཞིང་། ཕ་ཡུལ་དཀར་མཛེས་རྫོང་མདའ་མདོ་གྲོང་ཚོ་ནས་ཡིན་པ་དང་། ཁོང་ཆུང་བའི་དུས་ནས་ཕ་མ་གཉིས་འདས་གྲོངས་སུ་བྱིན་ཡོད་པ་དང་། ཁོང་ལ་མིང་སྲིང་བཞི་ཡོད་པའི་ནང་ནས་སྤུན་མཆེད་གཅིག་ཨ་རིར་ཡོད་པ་དང་། གཉིས་ལྷ་སར་ཡོད་འདུག

LuLa_Tibet-21

དཀོན་པེའི་བཙན་རྒོལ་རང་བསྲེཊ།

ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་གྱི་སྟེང་བོད་རྔ་བ་རུ་དཀོན་པེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། དཀོན་པེ་ལགས་ནི་རང་ལོ་༣༠ ཡས་མས་ཤིག་ཡིན་ཞིང་། ཕ་མིང་ལ་རྒྱ་སྐྱབས། མ་མིང་ལ་འཕྲིན་ཟློག་ཟེར་བ་དང་། ཁོང་ལ་སྤུན་གཉིས་དང་སྲིང་མོ་གསུམ་ཡོད་པ་ལས་སྤུན་གཅིག་རྔ་བ་ཀིརྟི་དགོན་དུ་ཡོད་པ་དང་། དཀོན་པེ་ལགས་ཀྱང་ཆུང་དུས་ཀིརྟི་དགོན་དུ་གྲྭ་པ་བྱས་ཡོད་ཀྱང་། ཕྱིས་སུ་སྐྱ་སར་བབས་ཏེ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་རྭ་བ་ཚང་གི་བུ་མོ་སྐལ་བཟང་ལྷ་མོ་དང་གཉེན་སྒྲིག་བྱས་ནས་ལོ་གཅིག་ལྷག་འགོར་ཡོད་འདུག

Leave a Reply