རྒྱ་ཡེ་བཀྲ་བྷོ།

རྒྱ་ཡེ་བཀྲ་བྷོ་ལགས་ནི ། ༡༩༦༣ལོར་ཨ་མདོའི་ཡུལ་གྱི་མཚོ་ཆེན་པོ་ཁྲི་ཤོར་རྒྱལ་མོའི་ལྷོ་འགྲམ་དང་རི་མཐོན་པོ་བློན་པོ་གསེར་ཆེན་གྱི་མདུན་རོལ་ཏུ་གནས་པའི་རྒྱ་ཡེ་ཞེས་པའི་འབྲོག་སྡེ་རུ་སྐྱེས། ཁོང་གིས་སྔ་ཕྱིར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་དང༌། མཚོ་སྔོན་མི་རིགས་སློབ་གླིང༌། པེ་ཅིན་སློབ་གྲྭ་ཆེན་མོ། རྒྱལ་ཁབ་སློབ་གསོའི་སྲིད་འཛིན་སློབ་གླིང༌། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། རྒྱལ་ཁབ་སྲིད་འཛིན་སློབ་གླིང༌། ཉི་ཧོང་རྒྱལ་ཁབ་ཀྱི་ཨ་ཨིས་རྫུ་མཐོ་རིམ་སློབ་གྲྭ་སོགས་རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་དུ་མ་འགྲིམས་ཤིང༌། ༢༠༠༤ལོའི་ཟླ༩བར་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་ དུ་འབུམ་རམས་པར་རྒྱུགས་སྤྲད་དེ་བོད་ཀྱི་རྩོམ་རིག་དང་བོད་བརྒྱུད་ནང་བསྟན་ ཞེས་པའི་ཆེད་ལས་ལ་སློབ་གཉེར་གནང༌།

བརྩམས་ཆོས་ལ། བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག་ཅེས་ པ་དང༌། ཉི་ཧོང་གི་སྐད་ཡིག་ཚད་ལྡན་རབ་གསལ་མེ་ལོང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། རྒྱ་བོད་མཁས་པའི་ལེགས་བཤད་གཅེས་བསྡུས་ཟླ་བའི་སྣང་བ། སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་སོགས་དཔེ་ཆ་དུ་མ་ཞིག་འབྲི་རྩོམ་དང་དཔེ་ སྐྲུན་གནང་བ་མ་ཟད། བོད་ཀྱི་གཏེར་ཆོས་སྐོར་ཆེ་ལོང་ཙམ་བཤད་པ་ཞེས་པ་དང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲོད་ཀྱི བརླང་བརྡུངས་ཞེས་པར་དཔྱད་པ། མཚོ་ཁྲི་ཤོར་རྒྱལ་མོར་ཕུལ་བའི་གླུ་དབྱངས། ཐོ་རེངས་སྐར་ཆེན་སོགས་དཔྱད་རྩོམ་དང་རྩོམ་རིག་གི་བརྩམས་ཆོས་དུ་མ་ཞིག་འབྲི་ རྩོམ་དང་འགྲེམ་སྟོན་གནང༌། ལྷག་པར་དུ་ཁོང་གིས་བོད་ཀྱི་གནའ་རབས་རྩོམ་རིག་གི་རྩོམ་ལུས་ལ་ཞིབ་འཇུག་གནང་ སྟེ། རིགས་གསུམ་དང་ལུས་བདུན་དུ་དབྱེ་བའི་རྩོམ་རིག་གི་རིགས་དང་ལུས་ཀྱི་དབྱེ་ཐབས་ བཏོན་པ་དེ་ད་ལྟ་བོད་ཀྱི་རིག་གཞུང་བ་མང་པོས་ཁས་ལེན་བྱས་འདུག་ལ། བོད་ཀྱི་རྩོམ་རིག་ལོ་རྒྱུས(བོད་ཡིག)ཐོག་མའང་བརྩམས་པས། བོད་ཀྱི་རིག་གཞུང་ཞིབ་འཇུག་སྟོང་ཆ་དུ་མ་ཞིག་བསྐངས་ཤིང༌། བོད་ཀྱི་རྩོམ་རིག་སྒྱུ་རྩལ་རིག་པའི་རིག་ཚན་འཛུགས་སྐྲུན་གྱི་ཕྱོགས་ལ་བྱས་ རྗེས་བཞག ཁོང་ལ་རྒྱལ་ཡོངས་ཀྱི་ཐོག་དང་པོའི་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པའི་ཞིབ་ འཇུག་གི་ཕུལ་བྱུང་གྲུབ་འབྲས་ཨང་གཉིས་པ་དང༌།རྒྱལ་ཡོངས་ཀྱི་དགེ་འོས་སློབ་གྲྭ་ཆེན་མོའི་ཕུལ་བྱུང་དགེ་རྒན་ཨང་དང་པོ། མཚོ་སྔོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཨང་དང་པོའི་བྱ་དགའ་སོགས་རྒྱལ་ཁབ་ དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་མང་པོ་ཐོབ། ད་ལྟ་ཁོང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་རིག་གནས་སློབ་གླིང་གི་གླིང་གཙོ་ གཞོན་པ་དང༌། དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མའི་དབུ་བཞུགས་འཁྲིད་སྟོན་དགེ་རྒན་བཅས་ཀྱི་འགན་འཁུར་ཡོད་ལ།བོད་ཀྱི་དམངས་ཁྲོད་རྩོམ་རིག རྒྱ་གར་གྱི་རིག་གནས་དང་བོད་ཀྱི་རྩོམ་རིག རྒྱ་གར་དང་བོད་ཀྱི་ལྟ་གྲུབ་སོགས་ལས་བརྩམས་པའི་འཆད་རྩོམ་གྱི་ལས་ཁུར་འདེགས་བཞིན་མཆིས།

Leave a Reply