གོ་འཇོ་དབང་འདུས།

གོ་འཇོ་དབང་འདུས་ལགས་ ནི ། ༡༩༤༩ལོར་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་སུ་གྲགས་པ། ཡུལ་གྱི་བྱེ་བྲག་ནི་ཆབ་མདོ་གོ་འཇོ་རྫོང་གི་ཨ་ལོ་གྲོང་ཚོར་སྐུ་སྐྱེས། ཁོང་ཆུང་ངུའི་དུས་ནས་རང་བཞིན་གྱི་བློ་རིག་གསལ་ལ་བརྩོན་འགྲུས་ཀྱི་གོ་ཆ་སྲ་བས་ཐོག་མར་གོ་འཇོ་ཡུལ་གྱི་བོད་སྨད་མཁས་དབང་འཆི་མེད་ཟླ་བ་དང༌། ཨ་སོང་མཁའ་འགྲོ་སོགས་ཀྱི་སྐུ་གམ་ནས་བོད་ལུགས་གསོ་རིག་གི་གཞུང་ཆེན་རྒྱུད་བཞི་གཙོས་མན་ངག་ལག་ལེན་རྣམས་ལ་ཐོས་བསམ་བྱེད་མགོ་བརྩམས།

སྔ་རྗེས་སུ་གྲོང་གསེབ་ཀྱི་སྨན་པ་དང་གོ་འཇོ་རྫོང་བོད་སྨན་ཁང་གི་སྨན་པ་གནང་༌།༡༩༧༦ལོར་དཔྱིད་ཀར་ལྷ་ལྡན་སྨན་རྩིས་ཁང་དུ་ཟབ་སྦྱོང་ལ་ཕེབས་རྒྱུའི་སྐལ་བཟང་ ཐོབ་པ་ནས་མཁས་དབང་ཐུབ་བསྟན་ཚེ་རིང་དང་ཀུན་དགའ་ཡོན་ཀྲང༌། ཁྲོ་རུ་ཚེ་རྣམ་རིན་པོ་ཆེ། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་སོགས་ཀྱི་སྐུ་མདུན་དུ་བོད་ཀྱི་རིག་པའི་གནས་ སྤྱི་དང་བྱེ་བྲག་གསོ་རིག་སྐོར་གྱི་གཞུང་ལུགས་ཀུན་ལ་གོ་ལོ་ཐོས་ལོ་ཙམ་དུ་མ་བཞག་པར ། སྒྲོ་འདོགས་ཆོད་མཐའ་གཉིས་ཐེ་ཚོམ་བསལ་ཏེ་མཐའ་གསལ་མཐིང་མཐོང་རག་ཏུ་དཔྱིས་ཕྱིན་པར་སྦྱངས་པར་མཛད།

༡༩༨༠ལོར་རྒན་ལགས་ལྷ་ལྡན་སྨན་རྩིས་ཁང་དུ་ལས་བསྒྱུར་གནང་སྟེ་སྨན་རམས་པའི་མཚན་ ཐོབ་བཞེས། ༡༩༨༥ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་སྨན་ཚན་པའི་དབུ་འཛིན་ཁང༌། ༡༩༨༩ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དབུ་བརྙེས་རྗེས་སློབ་གྲྭ་དེ་ གའི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས། ལས་ཞོར་དུ་ཁོང་གིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང༌། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་བསྟན་འགྱུར་དྲི་ཡུལ། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་ བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྟོན་ཁྲུའུ་ཡི་དབུ་འཛིན་ སོགས་ཀྱི་ཐུགས་འགན་ཡང་གཅིག་ལྕོགས་སུ་ཁུར ། ད་ལྟ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་རབ་འབྱམས་དང་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་སྟོན་དགེ་རྒན་དང༌། བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་བོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས་ ཀྱི་རིག་དངོས་རྟེན་རྫས་བཤམས་སྟོན་ཁང་འཛུགས་སྐྲུན་བྱེད་པའི་གཙོ་འགན་བཅས་ བཞེས་བཞིན་ཡོད།

བརྩམས་ཆོས་ལ། སྔ་རྗེས་སུ་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་དབང་ལུང་ཁྲིད་གསུམ་རྒྱས་པར་ མནོས་ཏེ། རང་རྒྱུད་སྨིན་པར་བྱས་པ་དང་ཆབས་ཅིག་བོད་ཀྱི་སྨན་རྩིས་དང་ལོ་རྒྱུས་སོགས་ཀྱི་ ནང་དཀའ་གནད་དང་ཐེ་ཚོམ་ཡོད་རིགས་ལུང་རིགས་ཚད་མའི་སྒོ་ནས་ཞིབ་འཇུག་གནང་སྟེ། སྔ་རྗེས་སུ་བོད་ལུགས་གཤགས་ལས་རིག་པའི་དར་འཕེལ་རྒུད་པའི་སྐོར་དང༌། རྩ་ཆུའི་དཀའ་འགྲེལ་རེག་མཐོང་གསལ་བར་འཆར་བའི་ནོར་བུ་བཻཌཱུརྱའི་མེ་ལོང༌། དོན་སྣོད་ཀྱི་རྣམ་བཤད། བྱ་བྱེད་སྨན་པའི་དཀའ་གནད་གསལ་བ་སོགས་བརྩམས་ཆོས་གྲངས་མེད་རྩོམ་གནང་མཛད་ཡོད་ ལ།ལྷག་པར་དུ་བོད་གངས་ཅན་པའི་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་སོགས་ཀྱི་བརྡ་ དང་དཀའ་གནད་འགའ་ཞིག་བཀྲོལ་བ་སྔོན་བྱོན་མཁས་པའི་གསུང་རྒྱུན་གཡུ་ཐོག་དགོངས་ རྒྱན་ཞེས་བོད་ལུགས་གསོ་རིག་ལོ་རྒྱུས་ཐོག་གི་ཚིག་མཛོད་ཐོག་མ་དེ་རྩོམ་འབྲི་ གནང་བས། བོད་ལུགས་གསོ་རིག་གི་སྨན་དོན་མི་སྣ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ལན་མང་ ཕུལ་བ་ཙམ་དུ་མ་ཟད་བོད་ལུགས་གསོ་རིག་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ལམ་སྣེ་ གསར་བ་ཞིག་གཏོད་གནང་མཛད། གཞན་ཡང་ཁོང་གིས་བོད་རྒྱ་ཚིག་མཛོད་ཆེན་མོ་དང༌། གཡུ་ཐོག་ཡོན་ཏན་མགོན་པོའི་རྣམ་ཐར །རྒྱུད་བཞིའི་འགྲེལ་ཆེན་མེས་པོའི་ཞལ་ལུང༌། ཤེལ་གོང་ཤེལ་ཕྲེང༌། དཔལ་ལྡན་རྒྱུད་བཞིའི་སྡོང་འགྲེམ་སོགས་གཞུང་ཆེན་རྣམས་ཀྱི་ཞུ་དག་པ་དང་པར་ སྐྲུན་གྱི་ཕྱག་ལས་གང་མང་གནང་ཡོད་ལ། ༢༠༠༤ལོ་ནས་བཟུང་བོད་ལུགས་གསོ་རིག་སློབ་ཆེན་ཀྱི་བོད་ཀྱི་གསོ་བ་རིག་པ་དང་གནམ་ རིག་སྐར་རྩིས་ཀྱི་རིག་དངོས་རྟེན་རྫས་འཚོལ་བསྡུ་དང་ལོ་རྒྱུས་དཔྱད་ཞིབ་གནང་ ཡོད། ད་ལྟ་རྟེན་རྫས་ཁང་དེར་ཁོང་གིས་རིག་དངོས་རྟེན་རྫས་མི་འདྲ་བ་སྟོང་ལ་ཉེ་བ་དང༌། བོད་ལུགས་སྨན་རྩིས་གཙོ་བྱས་པའི་བོད་ཀྱི་ཤེས་རིག་སྐོར་གྱི་གནའ་དཔེ་ཁྲི་གཅིག་ ལྷག་ཙམ་འཚོལ་བསྡུ་ལེགས་བསྒྲིགས་གནང་ཡོད་ལ། དེ་བཞིན་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ལོ་རྒྱུས་གཙོར་བྱས་པའི་ ཞལ་ཐང་བརྒྱ་ལ་ཉེ་བ་གསར་བཞེངས་མཛད། ཁོང་གིས་སྔ་རྗེས་སུ་མདོ་དབུས་ཁམས་གསུམ་ཙམ་དུ་མ་ཟད་རྒྱལ་ནང་གི་ཞིང་ཆེན་དང་ གྲོང་ཁྱེར་ཁག་ཅིག་དང༌། དེ་བཞིན་དུ་ཨུ་རུ་སུ། དབྱི་ཏ་ལི་སོགས་རྒྱལ་སྤྱིའི་ས་ཕྱོགས་མང་པོར་ཕེབས་ཏེ་བོད་ལུགས་གསོ་རིག་ བརྒྱུད་འཛིན་དང་ཞིབ་འཇུག་གནང་མི་སྟོང་ཕྲག་འགའ་གསོ་སྐྱོང་གནང་།

Leave a Reply