རྡོ་རྗེ་རྒྱལ་པོ།

རྡོ་རྗེ་རྒྱལ་པོ་ལགས་ ནི་༡༩༡༣ལོར་བོད་ལྗོངས་གཡས་རུའི་ཆར་གཏོགས་པ་མདོག་གཞུང་ཁྲབ་བླ་བྲང་ཆུ་མིག་པ་ ཞེས་པའི་ཁྱིམ་དུ་སྐྱེས། གཞོན་ནུའི་དུས་སུ་གཙང་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་ཚད་མ་རིག་པའི་ སློབ་དཔོན་དཀའ་ཆེན་འགྱུར་མེད་མཆོག་དང་། གཙང་སྟོད་པ་བརྡ་སྤྲོད་གཞུང་ལ་མཁས་པ་དཀའ་ལེབས་དྲུང་ཡིག་ཨོ་རྒྱན་རྡོ་རྗེ་ སོགས་ཀྱི་དྲུང་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་གནས་ལ་སློབ་གཉེར་ཧུར་བརྩོན་ གནང་ཞིང་། སྐབས་ཤིག་ལ་དགའ་ལྡན་ཕོ་བྲང་པའི་མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་། ཛ་སག་སྤོམ་མདའ་ཡར་འཕེལ་སོགས་ཀྱི་དྲུང་ཡིག་ཀྱང་མཛད།

༡༩༥༢ལོར་ནས་བོད་ལྗོངས་ལས་བྱེད་སློབ་གྲྭའི་དགེ་རྒན་གནང་ནས་བོད་ཡིག་མཐོ་རིམ་ འཛིན་གྲྭ་ལ་བོད་ཀྱི་བརྡ་སྤྲོད་རིག་པ་སློབ་ཁྲིད་མཛད་པ་དང་།༡༩༥༤ལོར་རྒྱལ་ས་པེ་ཅིན་དུ་ཕེབས་ཏེ་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྱུར་ཁང་གི་ཞུ་ཆེན་གྱི་འགན་བཞེས་ནས་བཞུགས། ༡༩༨༧ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་འཛིན་ གཞོན་པའི་འགན་བཞེས། ཁོང་གིས་ལོ་བཞི་བཅུར་ཉེ་བའི་རིང་ལ་བོད་ཀྱི་ཤེས་རིག་སྐོར་གྱི་དཔེ་ཆ་མང་པོ་ ཞིག་རྩོམ་སྒྲིག་མཛད་དེ་བོད་ཀྱི་ཤེས་རིག་དར་འཕེལ་ཡོང་བར་མཛད་རྗེས་ཆེན་པོ་ བཞག་ཡོད་པ་ལགས། ཁོང་གི་ཐུགས་ལ་རྩོམ་རྒྱག་པའམ་ཡིག་བསྒྱུར་བྱེད་དུས་ཚིག་སྦྱོར་གྱི་འགྲོ་སྟངས་ དེ་བོད་ཀྱི་བརྡ་སྤྲོད་རིག་པ་དང་མཐུན་དགོས་པར་མ་ཟད། ཚིག་བསྡུས་ལ་གོ་སླ་བ་དང་དོན་ཚང་ལ་འཁྲུལ་བ་དང་བྲལ་བ་ཞིག་ཀྱང་ཡོང་བ་བྱེད་ དགོས། དེ་འདྲ་བྱུང་ན་ཀློག་པ་པོ་རྣམས་ཀྱིས་བལྟས་ན་ཤེས་པ་དང་ཐོས་ན་དོན་གོ་བ་ཡོང་གི་ ཡིན་སྙམ་དུ་དགོངས་ཀྱི་ཡོད་པ་རེད།

དེར་བརྟེན་ཁོང་གིས་བསྒྱུར་ཡིག་ཞུ་དག་མཛད་དུས་རྒྱུན་དུ་ཐུག་པའི་དཀའ་གནད་ རྣམས་ཕྱོགས་བསྒྲིགས་མཛད་པ་དང་རང་ཉིད་ཕྱག་ལས་གནང་སའི་བློ་མཐུན་ནམ་མི་རིགས་ སློབ་གྲྭ་ཆེན་མོ་ཁག་གི་དགེ་སློབ་རྣམས་ལ་ལས་ཞོར་གྱི་དུས་ཚོད་བཙལ་ཏེ་དངོས་སུ་ དཔེ་ཁྲིད་གནང་བ་རེད། ཁོང་ནི་བོད་ཀྱི་བརྡ་སྤྲོད་རིག་པ་བྱང་ཆུབ་པའི་མཁས་དབང་ཞིག་ཡིན་ཞིང་། དེ་སྔ་བརྡ་སྤྲོད་རིག་པའི་ཉིང་ཁུ་འཛིན་སྤེལ་མཛད་པའི་ཐོག་ད་དུང་དབུས་གཙང་ཁུལ་ གྱི་ཕལ་སྐད་ཀྱི་ཚིག་མཇུག་ལ་ཡིན་རེད་ཡོད་འདུག་བྱུང་བཞག་བཅས་དང་། དངོས་པོ་བདག་གཞན། བྱ་བྱེད་ཐ་དད་མིན། བྱ་བྱེད་ལས་གསུམ་སོགས་ཀྱི་ཁྱད་ཆོས་ལའང་ཞིབ་འཇུག་གཏིང་ཟབ་མཛད་པ་དང་སྦྲགས་དེ་ དག་གི་ཆོས་ཉིད་ཕྱོགས་བསྡོམས་མཛད་ནས་རང་གི་རྩོམ་ཡིག་འགའ་ཞིག་གི་ནང་གནས་ལུགས་ གསལ་བཤད་དམ་བེད་སྤྱོད་མཛད་པ་རེད། མཐར༡༩༩༥ལོར་པེ་ཅིན་ནས་སྐུ་གཤེགས།

གསུང་རྩོམ་ལ། སུམ་རྟགས་དང་། སྙན་ངག རྩོམ་ཡིག་ཐར་ཐོར་བཅས་ཁག་གསུམ་བགོས་ནས་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ ཁང་གིས་བསྒྲིགས་ནས་པར་དུ་བསྐྲུན་ཡོད།

Leave a Reply