མེ་སྒྲོན།

མེ་ སྒྲོན་ནི་མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་གི་མི་ཡིན་ལ། རང་རྒྱལ་བོད་ཁུལ་གྱི་ རིམ་པ་དང་པོའི་བོད་རིགས་བུད་མེད་རྩོམ་པ་པོ་གཅིག་པུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་དངུལ་ཐོབ་པའི་ཆེད་མཁས་ཡིན་པར་མ་ཟད། རྩོམ་རིག་གར་སྟེགས་སྟེང་ཕྱོགས་ཀུན་ལ་འཇོན་པའི་བུད་མེད་རྩོམ་པ་པོ་ཞིག་ཀྱང་ཡིན། མོའི་སྒྲུང་གཏམ་གྱི་ནང་དོན་ཆ་ནས། འཚོ་བ་དངོས་ཀྱི་བརྗོད་བྱའམ་ཡང་ན་ལོ་རྒྱུས་ཀྱི་བརྗོད་བྱ་གང་ཞིག་ཡིན་རུང་། དེ་རྒྱ་རིགས་རྩོམ་པ་པོའི་བརྩམས་ཆོས་དང་ཡེ་ནས་མི་འདྲ་བར། སོ་སོར་བོད་མི་ རིགས་རང་གི་རིག་གནས་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་ཤ་སྟག་ཡིན་པར་མ་ཟད། མོར་མཚོན་ན། འོད་སྟོང་འབར་བའི་བོད་ཀྱི་རིག་གནས་ནི་ཁོ་མོ་ནམ་ཡང་རྩོམ་རིག་ རྒྱ་མཚོའི་འཇིངས་ལ་འཇུག་པའི་ངོགས་ཟམ་ལྟ་བུ་ཡིན།

རྩོམ་རིག་བློ་འབྱེད་ཀྱི་དྲིན་མོ་ཆེ།

1976ལོར། རང་ལོ12ལ་ བུད་པའི་མེ་སྒྲོན་གྱི་ལུས་ཕུང་མི་བདེ་བའི་རྐྱེན་གྱིས།སྐབས་ཐོག་ཅིག་ལ་སློབ་མཚམས་བཞག་སྟེ་རང་ཁྱིམ་ནས་ངལ་གསོ་དགོས་བྱུང་།སྟབས་ཡག་པ་ཞིག་ལ། དུས་དེར་མེ་སྒྲོན་གྱིས་ནམ་རྒྱུན་རང་གི་ཨ་མས་བལྟ་དགའ་བའི་ ཨུ་རུ་སུའི་རྩོམ་པ་པོ་ལེའི་ཧྥི་ཐོར་སི་ཐའེ་ཡི་སྒྲུང་གཏམ«ཨན་ནཱ་ཁཱ་ལའེ་ཉི་ནཱ»དང་། རང་རྒྱལ་གྱི་རྩོམ་པ་པོ་ཚའོ་ཞའོ་ཆིན་གྱི་སྒྲུང་གཏམ«ཐོག་ཁང་དམར་བོའི་རྨི་ལམ»གཉིས་ལ་བལྟ་ཀློག་བྱེད་པའི་གོ་སྐབས་ལྡན་སོང་བ་དང་། ཁོ་ མོའི་ཨ་མས་ཀྱང་རྒྱུན་དུ་ལས་ཁུངས་ཀྱི་དཔེ་བལྟ་ཁང་ནས་དཔེ་ཆ་འགའ་རེ་གཡར་ནས་ ཁྱེར་ཡོང་བས། ཁོ་མོ་དེ་ལྟར་རྩོམ་རིག་བརྩམས་ཆོས་གང་མང་ཀློག་པའི་ཞིང་ཁམས་སུ་གོམ་ཁ་བསྒྱུར་བའི་ཉེར་ལེན་ཡོངས་སུ་སྨིན། སྐབས་དེར་མོས་དཔེ་ཆ་དེ་དག་ལ་གོ་བ་ཡོངས་སུ་ལོན་ཐུབ་ཀྱིན་མེད་ན་ཡང་། བལྟ་ ཀློག་གི་གོ་རིམ་ཁྲོད་ཁོ་མོར་དགའ་སྣང་དང་སྐྱིད་སྣང་མི་ཉུང་བ་ཞིག་སྐྱེས་མྱོང་ བས། མོའི་སེམས་སུ་རྩོམ་རིག་གིས་མིའི་ཡིད་དབང་འགུག་ཐུབ་སྙམ་པར་མ་ཟད། རྩོམ་རིག་ གསར་རྩོམ་གྱི་ལས་ལ་འཇུག་པ་དང་བལྟ་ཀློག་བྱེད་རྒྱུ་གཉིས་ནི་ནམ་ཡང་འབྲལ་ཐབས་ མེད་པ་ཞིག་ཡིན་པའི་འདུ་ཤེས་ཀྱང་རྙེད།

མེ་ སྒྲོན་ནར་སོན་པའི་གོ་རིམ་ཁྲོད། དགེ་རྒན་རེ་ཟུང་གིས་ཀྱང་ཁོ་མོར་དངོས་ཤུགས་གང་རུང་ནས་རོགས་རམ་དང་ཤུགས་རྐྱེན་ ཆེན་པོ་བཞག་མྱོང་སྟེ། ཁོ་མོའི་སློབ་ཆུང་སྐབས་ཀྱི་འཛིན་གྲྭའི་ཀྲུའུ་རིན་ནི་ གཏམ་རྒྱུད་སྣ་ཚོགས་འཆད་པར་ཧ་ཅང་མཁས་པ་ཞིག་ཡིན་ལ། ཁོ་མོ་ཡང་དགེ་རྒན་གྱི་གཏམ་ རྒྱུད་ལ་རྣ་བ་བླགས་ནས་ཉན་པར་ཧ་ཅང་དགའ། མེ་སྒྲོན་གྱིས་ན་མཉམ་སློབ་གྲོགས་རྣམས་དང་འདྲ་བར་མེ་ལྕེ་ལེམ་ལེམ་མཆེད་པའི་ ལྕགས་ཐབ་ཀྱི་མཐའ་ནས། བློ་རྩེ་གཅིག་སྒྲིམ་སྒོས་དགེ་རྒན་གྱི་གཏམ་རྒྱུད་ལ་ཉན་ བཞིན་གྲང་ངར་ཆེ་བའི་དགུན་དུས་མང་པོ་ཞིག་ཕར་སྐྱེལ་མྱོང་།མེ་སྒྲོན་གྱིས་བཤད་རྒྱུར། གཏམ་རྒྱུད་འཆད་ཤེས་རྒྱུ་ནི་རྩོམ་པ་པོ་ཞིག་ལ་མཚོན་ ནས་བཤད་ན། ངེས་པར་འཛོམས་དགོས་པའི་ཆེས་མ་མཐའི་ཆ་རྐྱེན་ཞིག་ཡིན་པས།། ད་ལྟ་ངས་ ཀྱང་རྒྱུན་དུ་རང་གི་བུ་མོར་ལོ་ཚོད་སེམས་ཚོད་དང་བབ་མཐུན་པའི་གཏམ་རྒྱུད་འཆད་ ཀྱིན་ཡོད་ཟེར། །

གསར་རྩོམ་ཚ་རླབས་ཁོང་ནས་འཕྱུར།

1982ལོར། མཚོ་ སྔོན་མི་རིགས་སློབ་གླིང་རྒྱའི་སྐད་ཡིག་སྡེ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་ མེ་སྒྲོན་རྩོམ་རིག་ལ་དགའ་ཞེན་ཆེ་བའི་ན་གཞོན་རྩོམ་པ་པོ་ཞིག་ཏུ་གྱུར་པ་དང་། སློབ་གྲྭའི་རྩོམ་རིག་དོ་ར་ནི་ཁོ་མོས་བརྩེ་སེམས་ལྷད་མེད་མཚོན་སའི་གཡུལ་ས་ལྟ་ བུར་གྱུར། སྐབས་དེར་མོའི་སེམས་སུ་རང་གི་བྲིས་རྩོམ་དེ་དག་རྩོམ་རིག་བརྩམས་ ཆོས་ཤིག་ཏུ་གཏན་ནས་བརྩིས་མེད་པར། དེ་ནི་རང་ཉིད་རྩོམ་རིག་ལ་དུངས་ཞེན་ཆེ་བའི་ དགའ་ཕྱོགས་ཤིག་ཡིན་པར་སྙམ་ཡོད།།

1986ལོར། སློབ་ གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་མེ་སྒྲོན་བསམ་པ་རྩེ་གཅིག་གིས་དགེ་རྒན་ཞིག་བྱེད་ འདོད་ཡོད་མོད། འོན་ཀྱང་བྱ་བའི་དགོས་དབང་གིས་མོ་རང་«མཚོ་སྔོན་པོ»ཞེས་ པའི་དུས་དེབ་རྩོམ་སྒྲིག་ཁང་དུ་ལས་བགོས་བྱས་ཤིང་། མོའི་ཉིན་རྒྱུན་གྱི་ལས་ཀ་ གཙོ་བོའང་གཞན་གྱི་བརྩམས་ཆོས་ལ་བལྟ་ཀློག་དང་རྩོམ་སྒྲིག་བྱ་རྒྱུ་དེ་ རེད། སྐབས་དེར། མོ་དང་འབྲེལ་བ་ཧ་ཅང་བཟང་ཞིང་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་ པའི་ལས་གྲོགས་རྒན་པ་འགས་མོ་ལ“གཞན་ གྱི་བརྩམས་ཆོས་ལ་རྩོམ་སྒྲིག་བྱེད་དགོས་ན། ཐོག་མར་རང་ཉིད་རྩོམ་འབྲི་ལ་བྱང་དགོས། དེ་ལྟར་ཡིན་ཚེ་ད་གཟོད་གཞན་གྱི་བརྩམས་ཆོས་ལ་རྩོམ་སྒྲིག་བྱེད་དབང་ཡོད།”ཅེས་ བཤད་པ་དེ་མོའི་རྩོམ་རིག་ལས་ལ་རྟིང་སྐུལ་བྱེད་པའི་གདམས་ངག་ཟབ་མོ་ཞིག་ཏུ་ གྱུར། དེ་ནས་བཟུང་། མེ་སྒྲོན་རྩོམ་རིག་གསར་རྩོམ་གྱི་ལས་ལ་དངོས་སུ་ཞུགས་ཤིང་། རང་ཉིད་མི་རིགས་ལ་ དགའ་ཞེན་ཆེ་བའི་རྐྱེན་གྱིས། མོས་རང་གི་གསར་རྩོམ་དམིགས་ཚད་དེ་ཐོག་མ་ཉིད་ནས་ཕུལ་དུ་བྱུང་བའི་བོད་ཀྱི་ སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཕྱོགས་སུ་གཏན་འཁེལ་བྱས། །

མེ་ སྒྲོན་གྲོང་བརྡལ་ནས་ནར་སོན་པ་དང་། ཆུང་དུས་ནས་རྒྱའི་སྐད་ཡིག་སྦྱངས་པ་ཞིག་ཡིན་པས། ཁོ་མོའི་འཚོ་བ་དང་བསམ་བློ་སོགས་ཕྱོགས་གང་གི་ཆ་ནས་ཀྱང་བོད་མི་རིགས་རང་གི་ལོ་ ངོ་སྟོང་ཕྲག་དུ་མའི་རིང་བརྒྱུད་ཡོང་བའི་སྲོལ་རྒྱུན་རིག་གནས་དང་བར་ཐག་ཅུང་ རིང་དུ་གྱུར་ཡོད། དེར་བརྟེན་དངོས་ཡོད་འཚོ་བའི་ཁྲོད་ཟབ་ཞུགས་བྱས་ནས་བོད་པ་ རང་གི་འཚོ་བར་རྒྱུས་ལོན་དང་ཤེས་རྟོགས་བྱེད་རྒྱུ་ནི་ཁོ་མོས་དུས་ཡུན་རིང་བོར་ བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ཏུ་གྱུར། ལོ་ངོ་ཉི་ཤུ་ལྷག་རིང་གི་སློབ་ སྦྱོང་དང་ཡུལ་འཁྱམས་བྱས་པ་བརྒྱུད་ཁོ་མོར་འཆར་སྣང་ཞིག་བྱུང་བ་ནི། རྩོམ་རིག་ བརྩམས་ཆོས་ཀྱི་ཁང་བཟང་ཞིག་བཞེངས་འདོད་ན། རང་མི་རིགས་ཀྱི་རིག་གནས་རྨང་གཞི་ ཞིག་མེད་ཕྱིན། དེ་ནི་ཁ་སྟོང་ནང་གི་ཚིག་སྟོང་དང་གཉིས་སུ་མེད་སྙམ་པ་དེ་ རེད། དེའི་ཕྱིར། ཁོ་མོས་རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་གྱི་རྨང་གཞི་དེ་རྫོང་སྟུག་པའི་མི་ རིགས་རིག་གནས་ཀྱི་རྒྱབ་ལྗོངས་ལ་བསྙེས་པར་བྱས་ཤིང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་དང་དམངས་ཁྲོད་སྒྱུ་རྩལ་གྱི་ཉིང་བཅུད་དག་འཇིབ་ ལེན་བྱས་ཏེ། ཧུར་ཐག་གིས་མོས་ཕ་གཞིས་དྲོན་མོ་འདིའི་སྟེང་འཚོ་གཞེས་བྱེད་པའི་ མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་དེ་མཚོན་ཅི་ཐུབ་བྱེད་ཀྱིན་ཡོད།།

རྩོམ་ སྒྲིག་ཁང་དུ་བགོས་པའི་ལོ་གཉིས་པར། ཁོ་མོའི་བརྩམས་ཆོས་ཐོག་མ་དེ་དངོས་སུ་ འགྲེམ་སྤེལ་བྱས། མོའི་བསམ་པར། རྩོམ་འབྲི་རྒྱུ་ནི་ཁེར་ལས་ངལ་རྩོལ་ཞིག་ཡིན་ན་ཡང་། དེ་དུས་རབས་དང་འཚོ་སྡོད་ བྱེད་སའི་ཁོར་ཡུག་གཉིས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། རྩོམ་པ་པོ་ཞིག་ ཡིན་ཚེ། ཤེས་བྱ་གསར་བ་ལ་སློབ་སྦྱོང་དང་། ཉམས་མྱོང་གསར་བ་གསོག་འཇོག གཞན་གྱི་བརྩམས་ཆོས་ལེགས་གྲས་དག་ལ་སུན་སྣང་མེད་པར་ བལྟ་ཀློག་བྱེད་པ་བཅས་བྱས་ན། ད་གཟོད་རང་ཉིད་ལ་ཐོད་བརྒལ་འབྱུང་ཐུབ་སྙམ། རྩོམ་པ་པོ་ཞིག་ལ་མཚོན་ན་ཁོས་གསར་རྩོམ་བྱེད་ཐེངས་རེ་རེ་ནི། རང་ཉིད་ལ་དཀའ་ གནད་རེ་བཟོས་པ་དང་འདྲ་སྟེ། རྒྱུ་མཚན་ནི། ཁོའི་བརྩམས་ཆོས་རྗེས་མ་དེ་ངེས་པར་ དུ་བརྩམས་ཆོས་སྔ་མ་དག་ལས་ལྷག་པ་ཞིག་ཡིན་དགོས་པར་མ་ཟད། ཕྱོགས་གང་ཅིའི་ཐད་ནས་ ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱེད་དགོས་པས་ཡིན། དེ་ལྟ་མིན་ཚེ། རང་གིས་སྣག་ཤོག་ཆུད་ཟོས་སུ་བཏང་བ་ལས་དོན་སྙིང་ཅི་ཡང་མེད་སྙམ། །
རྩོམ་འབྲིའི་རྩལ་ལ་ཐུག་མཐའ་མེད།

ལོ་ འདི་འགའི་ནང་། རྩོམ་འབྲི་ཐད་ནས་མོ་རང་བློས་ཐག་མི་ཆོད་པའི་གནད་དོན་མང་བོ་ ཞིག་ལ་འཕྲད་པས། ཁོ་མོས་སྒྲུང་རིང་འབྲི་མཚམས་བཞག་ནས་ཡུན་རིང་ཞིག་སོང་བ་ དང་། དུས་སྐབས་དེ་དག་གི་ནང་ཁོ་མོས་དེང་རབས་ཀྱི་ཕུལ་དུ་བྱུང་བའི་བརྩམས་ཆོས་ མང་པོ་ཞིག་ལ་བལྟ་ཀློག་བྱས་པ་བརྒྱུད་ནས། རང་ཉིད་ཀྱི་གསར་རྩོམ་ཐད་ཀྱི་ཐོད་ བརྒལ་བྱེད་ས་འཚོལ་ཞིབ་བྱེད་བསམ་མོད། ཡིན་ན་ཡང་རྩོམ་གྱི་རྩལ་འདོན་ལུགས་ཐད་ ནས་བཤད་ན། དེ་དག་གི་ཁྲོད་ཁོ་མོའི་མ་དཔེར་བཟུང་ཆོག་པ་དང་མིག་རྒྱ་བསྐྱེད་ཐུབ་པའི་བརྩམས་ ཆོས་མང་པོ་ཞིག་ཡོད་ཀྱང་། དོན་དངོས་ སུ་བོད་མི་རིགས་རང་གི་རིག་གནས་སྲོལ་རྒྱུན་མངོན་གསལ་ལྡན་པའི་བརྩམས་ཆོས་མང་ པོ་ཞིག་མེད། གང་ལྟར་ཡང་ཁོ་མོས་བོད་རིགས་དམངས་ཁྲོད་ཀྱི་རྩོམ་རིག་ལ་དོ་སྣང་ སུན་པ་མེད་པ་དང་ཡུན་རིང་བྱས་པའི་གོ་རིམ་ཁྲོད། ཤེས་བྱ་དང་མྱོང་བའང་མི་དམན་པ་ ཞིག་བསགས། ཁོ་མོས་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་དེ་བྲིས་པའི་སྒྲུང་གཏམ«བབས་སྒྲུང»ཞེས་པ་དེའི་བརྗོད་བྱ་གཙོ་བོ་ནི། བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་གི་བབས་སྒྲུང་སྒྱུ་རྩལ་པ་སྟེ། ལོ་ ན་བཅུ་གསུམ་ཅན་གྱི་བོད་རིགས་ན་ཆུང་སྒྱུ་རྩལ་པ་ཞིག་གིས་གེ་སར་བབས་སྒྲུང་བཤད་ པའི་གོ་རིམ་ཁྲོད་ངོ་མཚར་བའི་དོན་དག་མང་པོ་ཞིག་བརྒྱུད་པ་དང་། མཇུག་མཐར་བབས་སྒྲུང་མཁན་རྣལ་མ་ཞིག་ཏུ་གྱུར་པའི་ལོ་རྒྱུས་ཡིན། འདི་ནི་ཁོ་མོས་ཆེད་དུ་ལོ་ཆུང་བྱིས་པ་རྣམས་ལ་དམིགས་པའི་སྒྲུང་གཏམ་ཞིག་ཡིན་ པས། བྱིས་པ་ཚོས་གོ་སླ་བ་ཞིག་ཡིན་དགོས་པར་མ་ཟད། དེའི་ཁྲོད་བོད་མི་རིགས་རང་ གི་འཇིག་རྟེན་ལྟ་བ་དང། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འདུས་པ་ཞིག་ཡིན་དགོས། མོར་མཚོན་ན་ཁྱད་ཆོས་དེ་དག་ཚང་བར་བྱ་ རྒྱུ་ནི་འགྲན་རྩོད་ཐེངས་ཤིག་ཀྱང་ཡིན། །

མེ་སྒྲོན་སྒྲུང་རིང་གསར་རྩོམ་གྱི་ལས་ལ་མ་ཞུགས་སྔོན་དུ། སྒྲུང་གཏམ་ཐུང་བ་འགའ་རེ་བྲིས་པའི་མྱོང་བ་ཡོད། 1992ལོ་ནས་བཟུང་། ཁོ་མོས་སྒྲུང་རིང་འབྲི་བའི་མགོ་བརྩམས་ཏེ། སྔ་རྗེས་སུ«ཉི་མའི་ཚོ་བ»དང་«ཟླ་བའི་སྒར་ས»ཞེས་ པའི་སྒྲུང་རིང་བརྩམས་ཆོས་གཉིས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། དེ་ལ་ཀློག་ མཁན་རྣམ་པའི་ཚུར་སྣང་དང་ལས་སྐལ་མཉམ་པའི་གདེང་འཇོག་ཅུང་རན་པ་ཞིག་ཐོབ་མྱོང་བ་བདེན་མོད། འོན་ཀྱང་མོས་དེའི་ཁྲོད་ནས་གནད་དོན་ཡང་མི་ཉུང་བ་ཞིག་རྟོགས་པ་དང་། དེ་ཡང་ངོ་མར་བཤད་ན་མོ་རང་གིས་སྒྲུང་རིང་འབྲི་རྩལ་ཐད་ཀྱི་མི་འདང་ས་ཆེན་ པོ་ཞིག་ཏུ་འཁུམས་ནས། སླར་ཡང་སྒྲུང་ཐུང་དང་སྒྲུང་འབྲིང་འབྲི་བ་ནས་མགོ་བརྩམས་ ཏེ་འཚོལ་ཞིབ་དང་སློབ་སྦྱོང་བྱེད་དགོས་བྱུང་། ད་ལྟའི་བར་དུའང་ཁོ་མོས་སྒྲུང་ གཏམ་གསར་རྩོམ་ལས་ཆེས་འབྲི་དཀའ་བ་ནི་སྒྲུང་ཐུང་ཡིན་ཏེ། སྒྲུང་རིང་ནི་དེ་ལ་ སྣོན་མ་བཏབ་ནས་རྐྱོང་བ་དང་འདྲ་ཞིང་། སྒྲུང་ཐུང་ནི་སྒྲུང་རིང་ལ་ཉུང་འཕྲི་བརྒྱབ་ནས་བསྐུམས་པ་དང་འདྲ་བས། ངེས་ གཏན་མེད་པའི་གཏམ་རྒྱུད་བྱུང་རིམ་དང་དགོས་གལ་མི་ཆེ་བའི་ཚིག་ཉོག་མང་པོ་ཞིག་ འདོར་བར་ཡང་བློ་སྤོབས་ལྡན་ཞིང་ཕངས་སེམས་མེད་པ་ཞིག་ཡིན་དགོས་སྙམ། ཁོ་མོའི་«གླ་རྩིའི་དྲི་ངད།»ཅེས་པའི་སྒྲུང་གཏམ་ཕྱོགས་སྒྲིག་ནང་བདམས་བསྒྲིགས་བྱས་པའི་བརྩམས་ཆོས་ཁ་ཤས་ཤིག་ནི་ སྔོན་ཆད་ཀྱི་བརྩམས་ཆོས་ཡིན་པས། དེའི་ཁྲོད་དུ་སྐྱོན་ཆ་དང་མི་འདང་ས་མི་ཉུང་བ་ཞིག་ཡོད་པ་གདོན་མི་ཟ་མོད། འོན་ཀྱང་དེ་ཡང་ཁོ་མོའི་གསར་རྩོམ་འཚོ་བའི་ཁྲོད་ཀྱི་དུས་རིམ་ལ་སྤྱི་སྡོམ་ བརྒྱབ་པ་ཞིག་ཡིན་ཚུལ་གྱི་འདུ་ཤེས་ཀྱིས། དེ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་ནས་ དཔེ་ཆར་བསྐྲུན་ཏེ་དགེ་སྐྱོན་ཅི་ལྡན་གྱི་གདེང་འཇོག་བྱེད་སྐལ་རྒྱ་ཆེའི་ཀློག་ མཁན་རྣམས་ལ་བཞག སྒྲུང་གཏམ་ཕྱོགས་བསྒྲིགས་དེའི་ནང་དུ། ཁོ་མོ་དང་ཐོག་རྩོམ་ རིག་ལ་དགའ་ཞེན་ཆེ་བའི་སྤྱིར་བཏང་གི་ན་གཞོན་འབྲི་རྩོམ་མཁན་ཞིག་ནས་རིམ་བཞིན་ རྩོམ་རིག་གར་སྟེགས་སྟེང་མིང་གྲགས་ཅུང་ཟད་ལྡན་པའི་བོད་རིགས་བུད་མེད་ན་གཞོན་ རྩོམ་པ་པོ་ཞིག་ཏུ་གྱུར་པའི་རྒྱུད་རིམ་གསལ་བོར་བཀོད་ཡོད། བར་དེར་ཁོ་མོའི་ དོན་བརྗོད་བྱེད་སྟངས་མང་བོ་ཞིག་སྤྱད་ཡོད་པ་དང་། གྲུབ་ཚུལ་དང་ཚིག་གི་བརྗོད་ སྟངས་ཆ་ནས་ཀྱང་སྐྱོན་ཆ་མི་ཉུང་བ་ཞིག་མཐོང་ཐུབ་མོད། འོན་ཀྱང་། འཚོ་བའི་ཉམས་མྱོང་དང་འབྲེལ་ཡོད་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་བསྟུན་ ནས། མཉམ་འཇོག་བྱེད་ས་དང་སྨྱུགས་རྩལ་འདོན་པར་ཡང་རིམ་བཞིན་འགྱུར་ལྡོག་བྱུང་ ཡོད། །
མེ་སྒྲོན་གྱི་བརྩམས་ཆོས་ལས་བུད་མེད་བརྗོད་བྱར་བཀོད་པ་ཅུང་ཟད་མང་། དེ་ ཡང་མོས་བཤད་པ་ནང་བཞིན། འཛམ་གླིང་སྟེང་གི་ལྷ་སྒྲུང་སྣ་ཚོགས་ཁྲོད་ཀྱི་རིག་རྩལ་གྱི་ལྷ་དང་སྒྲ་དབྱངས་ལྷ་ནི་སྤྱིར་བཏང་དུ་བུད་མེད་ཀྱི་ཆ་ལུགས་ཡིན་པས། བུད་མེད་ཀྱིས་རིག་རྩལ་བརྩམས་ཆོས་ཁྲོད་ཟིན་པའི་གྲངས་ཚད་ལ་མཐོང་ཆུང་བྱེད་ མི་འོས། དེང་རབས་བོད་རིགས་བུད་མེད་ཤེས་ཡོན་པ་དག་ནི་ཐོག་མཐའ་བར་གསུམ་དུ་ཚང་མའི་ཐུགས་ ཁུར་དང་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པས། ཇི་སྲིད་ཚོགས་པ་དེའི་གྲས་གནས་པ་དེ་སྲིད་དུ་དགའ་སྐྱོ་ཟུང་གི་ཚོར་བ་འདྲེས་མར་ འབྱུང་བ་རྒྱུན་མི་ཆད། ད་ལྟའི་དུས་ རབས་འདི། བོད་རིགས་བུད་མེད་རྣམས་ལ་མཚོན་ན་ནི་འགྲན་རྩོད་ཀྱི་དུས་རབས་ཤིག་ ཡིན་པས། ཁོ་མོ་ཚོའི་འགྱུར་ལྡོག་སྔར་ལས་མངོན་སུམ་དང་། སྔར་ལས་ཞིབ་ཕྲ་ཡིན་པ་དང་། བུད་ མེད་ཚོའི་བློ་རྩ་བརྟན་པོའི་གཤིས་རྒྱུད་དེ་ཡང་མཛེས་སྡུག་གི་ཕུགས་བསམ་བརྟན་ སྲུང་ཐུབ་པའི་རྒྱུ་རྐྱེན་ཡིན་ཤས་ཆེ། དེའི་རྐྱེན་གྱིས། ངའི་སེམས་ཁོང་དུ་བུད་ མེད་ནི་ནམ་ཡང་མཛེས་ཤིང་སྡུག་པ་དང་། ངའི་བརྩམས་ཆོས་ཁྲོད་བཞེངས་བཀོད་བྱས་པའི་བུད་མེད་ཀྱི་སྣང་བརྙན་སྣ་ཚོགས་ ནི། ཁོ་ཚོར་རོལ་མྱོང་བྱེད་པ་ཞིག་ཡིན་ལ། རང་ཉིད་ལ་སྐུལ་མ་བཏང་བ་ཞིག་ཀྱང་ཡིན་ ཟེར།།

2001ལོར། མེ་ སྒྲོན་རྩོམ་རིག་གསར་རྩོམ་ཐད་ཀྱི་རིམ་པ་དང་པོའི་རྩོམ་པ་པོར་བདམས་པར་མ་ ཟད། སྔ་རྗེས་སུ་མོ་ལ་རྒྱལ་ཡོངས་སྐབས་ལྔ་བའི་གྲངས་ཉུང་མི་རིགས་རྩོམ་རིག་གི་ རྟ་མཆོག་བྱ་དགའ་དང་། རྒྱལ་ཡོངས་སྐབས་བཅུ་བའི་ཀྲོང་ཀྲུང་བུན་གྱི་རྩོམ་རིག་ བྱ་དགའ་སོགས་རྒྱལ་ཁབ་རིམ་པ་དང་པུའུ་རིམ་པ། ཞིང་ཆེན་རིམ་པ་བཅས་ཀྱི་རྩོམ་རིག་བྱ་དགའ་ཐེངས་མང་འཐོབ་མྱོང་། བརྩམས་ཆོས་ལ་སྒྲུང་རིང་«ཉི་མའི་ཚོ་བ།»སོགས་དང་། སྒྲུང་ཐུང་ཕྱོགས་བསྒྲིགས«གླ་རྩིའི་དྲི་ངད།»སོགས། ལྷུག་རྩོམ་ཕྱོགས་བསྒྲིགས«བཀྲ་ཤིས་གཡང་དུ་འཁྱིལ་བའི་ཡུལ་ཤུལ»སོགས། དེ་མིན་ད་དུང་མོའི་སྙན་རྩོམ་ཕྱོགས་བསྒྲིགས་བཅས་བསྡོམས་པའི་ཡིག་འབྲུ་ས་ཡ3ལྷག་ གི་རྩོམ་རིག་བརྩམས་ཆོས་ཡོད། ད་ལྟ་ཁོ་མོས་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཚང་འཛོམས་ཨུ་ ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་འཁུར་མུས། །

Leave a Reply