དཔལ་མོ། སྙན་ངག་པ།

ང་ནི་མཚོ་སྔོན་པོའི་འགྲམ་གྱི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་ལོ་བཅུ་གཉིས་ནས་ གཟོད་སྡེ་བའི་ནང་གི་རྩྭ་ཐང་སློབ་ཆུང་ལ་ ཞུགས་པའི་སྐལ་བ་ཐོབ། རིམ་གྱིས་མཚོ་བྱང་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་ གྲྭ་སོགས་འགྲིམས་ནས་སློབ་མཐར་ཕྱིན་རྗེས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་བྱས། ༢༠༠༤ ལོར་བོད་ཀྱི་དེང་རབས་སྐྱེས་མའི་སྙན་དེབ་ཐོག་མ་ ༼བཞོ་ལུང་།༽རྩོམ་སྒྲིག་དང་ ༢༠༠༤ ལོའི་ཟླ་དང་པོར་ ༼གངས་ཅན་སྐྱེས་མའི་ཚགས་པར།༽ གསར་དུ་བསྐྲུན་ཅིང་དེ་ནས་བཟུང་ད་ལྟའི་བར་བོད་ཁུལ་གྱི་ལས་ཁུངས་སོ་སོ་དང་སློབ་གྲྭ་སོ་ སོར་འགྲེམ་སྤེལ་བྱེད་བཞིན་ཡོད།

༢༠༠༥ ལོར་པེ་ཅིན་དགེ་འོས་སློབ་ཆེན་ནས་ལོ་གཅིག་གི་རིང་ལ་དེང་རབས་རྩོམ་རིག་སྦྱངས་ ཞོར་ ༼བོད་ཀྱི་དེང་རབས་སྐྱེས་མའི་བརྩམས་ཆོས་ཕྱོགས་བསྒྲིགས།༽ ཞེས་པ་དང་ ༢༠༠༩ ལོར་སློབ་ཁྲིད་ཀྱི་ཞོར་དུ་༼བོད་རིགས་བུད་མེད་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས།༽ ༢༠༠༩ ལོ་ནས་བཟུང་སྒེར་ངོས་ནས་ ༼སྲིན་མོ·བུད་མེད་དང་ བྱིས་པའི་རོགས་སྐྱོར་ ཚོགས་པ།༽ ཞེས་པ་གསར་དུ་བཙུགས། ༢༠༡༡ ལོ་ནས་བཟུང་གྲོགས་མོ་མཁའ་མོ་རྒྱལ་དང་མཉམ་དུ་མགོ་ལོག་གངས་ལྗོངས་བུ་ མོ་སློབ་གྲྭའི་ནང་དུ་ལོ་རེར་བུ་མོ་ཉི་ཤུ་ལ་སྒེར་ངོས་ནས་ ༼ལྕམ་སྲིང་།༽ ཞེས་པའི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་སྦྱིན་པའི་བྱེད་ སྒོ་སྤེལ་བཞིན་ཡོད། མ་ཟད་དེ་རུ་གསར་རྩོམ་ལ་འཇུག་པའི་བུ་མོ་ལྔ་བཅུ་དང་ནུབ་བྱང་མི་རིགས་སློབ་ཆེན་ དུ་བུ་མོ་ལྔ་བཅུ་བཅས་སྡོམ་ པས་བུ་མོ་བརྒྱ་ལ་རྩོམ་འབྲི་བར་གསོ་སྐྱོང་བྱེད་བཞིན་ཡོད། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དུ་བོད་ ཀྱི་བརྡ་སྤྲོད་དང་ཚིག་རྒྱན་རིག་པ་གཙོ་བྱས་ཏེ་བོད་ ཀྱི་རིག་གནས་འཁྲིད་པའི་འགན་ཁུར་ཡོད།

Leave a Reply