ཚན་རིག་གིས་ཕྱི་དོན་དུ་་་ བཅུ་གཅིག

ཚན་རིག་གིས་ཕྱི་དོན་དུ་བསྒྱུར་བའི་སྒོམ། བཅུ་གཅིག

ཨ་ལན་གྱིས་བརྩམས་པའི་<<འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ>>ཞེས་པ་ལས་ཚན་བཤུས།

བསྟན་འཛིན་རིག་བཟང་གིས་བསྒྱུར།

འཕྲོས་ཟིན་བྲིས་རྗེས་མར་གཟིགས།

མ་སར་ཆོ་སད་ཏྲིའི་སྤྱི་ཁྱབ་སྨན་ཁང་དུ་ཧ་ཝད་ཌི་མཐོ་སློབ་ཀྱི་ཉམས་ཞིབ་པ་ཚོས་བགྱིས་པའི་ཞིབ་འཇུག་གཞན་ཞིག་གིས་ཡུན་རིང་ལ་སྒོམ་སྒྲུབ་བྱས་ན། ཀླད་པའི་ཕྱི་ཤུན་ཏེ་ཀླད་རྒྱའི་ཐུག་ཚད་ཆེ་རུ་འགྲོ་བ་བསྟན་ཅིང༌། ཁོང་ཚོས་ཁབ་ལེན་ལྡོག་སྒྲའི་གློག་པར་གྱི་ཚད་འཇལ་བརྒྱུད་ནས་གསར་རྙེད་བྱས་པ་ནི། བློའི་བྱེད་ལས་དང་ངང་ཚུལ་གྱི་སྟེང་ལ་དམིགས་པ་གཏོད་དགོས་པའི་སྒོམ་གྱིས་ཤེས་བཞིན་དང༌། ཡིད་བྱེད། དབང་ཤེས་ཀྱི་ནུས་རྩོལ་སོགས་དང་འབྲེལ་བའི་ཀླད་པའི་ཆ་ཤས་རྣམས་མཐུག་ཏུ་འགྲོ་བར་རྐྱེན་བྱེད་པ་འདི་ཡིན། ཐ་ན་ཉིན་རེར་སྐར་མ་བཞི་བཅུའི་རིང་ལ་སྒོམ་བརྒྱབས་ནའང༌། དབང་ཤེས་ཀྱི་ནུས་རྩོལ་དང་ཡིད་བྱེད་ལ་འབྲེལ་ཡོད་ཀྱི་ཀླད་པའི་སྤྱི་བོའི་ཀླད་རྒྱའི་ཆ་ཤས་མཐུག་ཏུ་ཕྱིན་ཡོད་པར་སྣང༌། ཞིབ་འཇུག་གི་ནང་དུ་ཞུགས་མཁན་ཅུང་རྒན་པ་ཚོའི་ཁྲོད་དུ་ཀླད་པའི་མདུན་ངོས་ཀྱི་ཀླད་རྒྱའི་མཐུག་ཚད་ལ་ཁྱད་པར་ཆེན་པོ་བྱུང་ཡོད་ལ། འདིས་བསྟན་དོན་ནི་སྒོམ་གྱིས་ཡིད་བྱེད་དང་དྲན་པ་ལོ་དང་བསྟུན་ནས་ཉམས་བཞིན་པ་དེ་བཀག་འགོག་བྱེད་སྲིད་པ་འདི་རེད།

 

ཨོ་རེ་གྷམ་མཐོ་སློབ་ཏུ་སེམས་ཁམས་རིག་པ་སྨྲ་བ་ཚོས་ལོ་ན་ཕྲ་བའི་ཕྲུ་གུ་ཚོར་སྦྱོང་བརྡར་སྤྲད་ནས་ཁོང་ཚོའི་ཡིད་བྱེད་ཀྱི་བཀོད་འདོམས་ཡར་རྒྱས་སུ་གཏོང་ཐབས་ལ་བརྟག་དཔྱད་བཏང་ཡོད། ཡིད་བྱེད་བཀོད་འདོམས་ནི་ང་ཚོའི་སེམས་ཁམས་དང་སྤྱོད་པའི་ཡ་ལན་ལ་རྙོག་དྲ་ཆེ་བའི་གནས་སྟངས་ཤིག་གི་ནང་དུ་སྙོམས་སྒྲིག་བྱེད་པའི་ནུས་པ་ཞིག་རེད། རང་ཉིད་ལ་མྱོང་ཚོར་ཤུགས་དྲག་ཆེན་པོ་ཞིག་སྐྱེ་སྐབས། ང་ཚོས་ཡིད་བྱེད་བཀོད་འདོམས་ཀྱི་རིག་སྟོབས་ལ་བརྟེན་ནས་སྒུལ་ཤུགས་ཆེ་བའི་བསམ་བློ་དང༌། དྲན་ཤེས་ཀྱི་དབང་དུ་མ་སོང་བར་མིག་སྔར་ཅི་ཞིག་གལ་ཆེན་ཡིན་པ་དེའི་སྟེང་དུ་རྣམ་རིག་གཏོད་ཐུབ། ལོ་གཉིས་ནས་བདུན་བར་དུ་ཡིད་བྱེད་ཀྱི་ཆ་འདི་ལ་ལྷག་ཏུ་དར་རྒྱས་ཆེན་པོ་འབྱུང་ཞིང༌། སྤྱིར་འདི་ནི་དར་མའི་དུས་སྐབས་བར་དུ་འཕེལ་རྒྱས་འགྲོ་བར་འདོད་ཀྱི་ཡོད། ཉེ་ཆར་གྱི་ཞིབ་འཇུག་ཅིག་གི་ནང་ཡིད་བྱེད་བཀོད་འདོམས་ཀྱི་ནུས་པ་འདི་ཆེ་རུ་གཏོང་བར་བཀོད་སྒྲིག་བྱས་པའི་སྦྱོང་བརྡར་ཞིག་ལོ་བཞི་ནས་བདུན་བར་གྱི་ཕྲུ་གུ་སྐོར་ཞིག་ལ་སྤྲད་པ་རེད། ཞིབ་འཇུག་འདིས་ཕྲུ་གུ་ཚོའི་ཡིད་བྱེད་བཀོད་འདོམས་ཀྱི་ནུས་པ་དེ་སྦྱོང་བརྡར་སྤྲད་ནས་བསྐྱེད་བསྲིང་བྱེད་ཐུབ་པ་ཐེངས་དང་པོར་བསྟན་ཡོད། གོ་རྟོགས་གསར་པ་འདི་ལ་བརྟེན་ནས་ཡིད་བྱེད་དང་སྤྱོད་པ་གཞན་གྱི་དཀའ་ངལ་ལྡན་པའི་ཕྲུ་གུ་ཚོའི་བཅོས་ཐབས་རྣམས་ལེགས་བསྒྱུར་བྱེད་ཆོག་ལ། ཉམས་ཞིབ་པ་ཚོས་ད་དུང་ཡིད་བྱེད་སྦྱོང་བརྡར་གྱི་འབྲས་བུས་རིག་པ་ཉམས་ཚོད་ཀྱིས་ཚད་འཇལ་བའི་སྤྱིར་བཏང་གི་རིག་རྩལ་ལྟ་བུའང་ཡར་རྒྱས་སུ་གཏོང་བའི་ཡིད་ཆེས་བྱེད། ཚིག་གཞན་ཞིག་གིས་བཤད་ན། རང་གི་ཡིད་བྱེད་ཀྱི་རིག་རྩལ་ཡར་རྒྱས་སུ་བཏང་བས་རང་ཉིད་ཀྱི་རིག་པའི་ཚད་གཞི་ཡང་མཐོ་རུ་འགྲོ་བ་འདི་རེད།

 

ཕམ་སིམ་ཝན་ནེ་ཡ་མཐོ་སློབ་ནས་ཡིན་པའི་ཨ་མེ་ཤི་དང༌།༼ Amishi Jha ༽ ཁོང་གི་ལས་རོགས་གཉིས་བཅས་ཀྱིས་ཡིད་བྱེད་ཀྱི་སྟེང་དུ་སྒོམ་བརྒྱབས་པའི་ཕན་འབྲས་ཀྱི་སྐོར་ལ་ཞིབ་འཇུག་གལ་ཆེན་ཞིག་ཉེ་ཆར་བྱས་པ་རེད། ཁོང་ཚོས་དྲན་པའི་སྦྱོང་བརྡར་རིགས་གཉིས་ཀྱི་ནང་དུ་ཞུགས་པའི་སྒོམ་པ་བ་ཚོགས་ཁག་གཉིས་ཀའི་འབྲས་བུ་ཕན་ཚུན་ལ་བསྡུར་བ་དང༌། ཚོགས་ཁག་དང་པོའི་ནང་དུ་ཡོད་པའི་སྒོམ་པ་བ་རྣམས་གསར་བུ་ཡིན། ཁོང་ཚོ་ནི་གཟའ་འཁོར་བརྒྱད་ཀྱི་རིང་ལ་དྲན་པ་གཞིར་བཞག་གི་སེམས་ངལ་ཉུང་གཏོང་གི་སྦྱོང་བརྡར་ནང་དུ་ཞུགས་ཤིང༌། སྦྱོང་བརྡར་འདིའི་ནང་དུ་ཁོང་ཚོས་ཉིན་གཅིག་ལ་སྐར་མ་སུམ་ཅུའི་རིང་རང་གི་དབུགས་ཀྱི་རྒྱུ་བའི་ཐོག་ལ་དྲན་པ་གཏད་ནས་ཡིད་བྱེད་གཞན་ལ་གཡེངས་ཚེ་སླར་ཡང་དམིགས་པའི་སྟེང་དུ་འཇོག་དགོས། ཚོགས་ཁག་གཉིས་པའི་ནང་ལ་བྱང་ཆ་ཆེ་བའི་སྒོམ་པ་བ་ཡོད་པ་དང༌། ཁོང་ཚོས་ཟླ་བ་གཅིག་གི་རིང་མཚམས་ལ་བསྡད་དེ་ཉིན་རེར་དུས་ཚོད་བཅུ་ནས་བཅུ་གཉིས་ལ་དྲན་པར་སྦྱོང་བརྡར་ཤུགས་ཆེན་བྱས། ཚོགས་ཁག་གསུམ་པ་ནི་སྒོམ་བརྒྱབས་མ་མྱོང་མཁན་དང་སྦྱོང་བརྡར་ཐོབ་མ་མྱོང་མཁན་གྱིས་གྲུབ་ཅིང༌། སོ་སོའི་སྦྱོང་བརྡར་གྱི་མཇུག་ཏུ་ཚོགས་ཁག་གཉིས་པ་དང་གསུམ་པར་ལྟོས་ན་ཚོགས་ཁག་དང་པོས་རང་གི་ཡིད་བྱེད་དེ་སྒོམ་གྱི་དམིགས་པའི་ཐོག་ལ་ཡག་པོ་བསྒྲིམ་ཐུབ། འོན་ཀྱང༌། ཚོགས་ཁག་དང་པོ་དང་གསུམ་པར་ལྟོས་ན་ཚོགས་ཁག་གཉིས་པས་དྲན་པ་བརྟན་པོའི་ངང་ནས་རང་གི་ཁོར་ཡུག་ཚོར་ཤེས་ཀྱིས་འཛིན་ཐུབ་པ་བྱུང་ཡོད།

 

ཡིད་བྱེད་ལ་སྦྱོང་བརྡར་བྱེད་པ་ནི་དགེ་མཚན་ཆེ་བའི་སེམས་ཁམས་ཀྱི་འགྱུར་ལྡོག་བསྐྲུན་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཡང༌། འདོད་པ་དང༌། བསམ་བློའི་འཁྱེར་སོ། མྱོང་ཚོར་ལྟ་བུའི་བློ་ཡི་ངང་ཚུལ་གཞན་རྣམས་ལའང་བསམ་གཞིགས་བྱེད་དགོས། ཕྱི་ལོ་ ༢༠༠༠ ལོའི་སྟོན་ཁར་བླ་མ་བདག་ཉིད་ཆེན་པོ་བློའི་འཛིན་པའི་སེམས་ཁམས་རིག་པ་སྨྲ་བ་ཁག་ཅིག་ལ་ཐུག་འཕྲད་མཛད་དེ། ནང་ཆོས་དང་ཚན་རིག་གི་ལྟ་ཚུལ་གྱི་ངོས་ནས་གནོད་འཚེ་ཆེ་བའི་མྱོང་ཚོར་གྱི་སྐོར་ལ་དཔྱད་བསྡུར་གནང་བ་རེད། ཚོགས་འདུ་དེའི་ནང་ངེད་ལ་སྐད་སྒྱུར་ལས་རོགས་བྱེད་པའི་གོ་སྐབས་བྱུང༌། རིག་གཞུང་དང་ཤེས་ཡོན་གྱི་སྡེ་ཚན་འདྲ་མིན་བར་ལ་བགྲོ་གླེང་སྤྲོ་བ་འཕེལ་བ་བྱས་ནས་ཉིན་འགའི་རྗེས་སུ་ཁོང་གིས་བགྲོ་གླེང་འདི་ལྟ་བུ་ཕན་ཐོགས་ཆེ་ཡང༌། ང་ཚོས་ཕྱོགས་བསྡུས་ཀྱི་གོ་རྟོགས་དང་ཉམས་མྱོང་འཛམ་གླིང་གི་ནང་དུ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཞིག་ལ་བསྒྱུར་རྒྱུ་ནི་ཆེས་གལ་ཆེན་ཞིག་རེད་ཅེས་གསུངས་བྱུང༌། ཚོགས་ཞུགས་པ་གཅིག་ནི་ཕོ་ལི༼ Paul Ekman ༽ཡིན་ཞིང༌། ཁོང་ནི་སམ་ཧཕི་རམ་སེ་སི་ཁོབ་ཏུ་ཡོད་པའི་ཁ་ལེ་ཧཕོར་ནེ་མཐོ་སློབ་ཀྱི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོའི་མིང་གནས་ལས་ཡོལ་བ་ཞིག་ཡིན། ཁོང་གིས་དཀའ་ཚེགས་ལ་གདོང་གཏད་དེ་མྱོང་ཚོར་གྱི་ཆ་སྙོམས་བསྐྱེད་བསྲིང་ཟེར་བའི་སྦྱོང་བརྡར་གྱི་འཕེལ་རྒྱས་ལ་མདུན་བསུ་བྱས་པ་རེད། ཁོང་དང་བླ་མ་བདག་ཉིད་ཆེན་པོ་གཉིས་ཀས་ཐོག་མ་ནས་ངའང་ཞིབ་འཇུག་གི་ལས་གཞི་འདིའི་ནང་དུ་ཞུགས་པའི་རེ་བ་བཏོན་བྱུང༌། ཕོ་ལི་དང་ངེད་གཉིས་ཀྱིས་སེམས་ཁམས་རིག་པའི་ཐེ་བྱུས་དང༌། ནང་བསྟན་གྱི་སྲོལ་རྒྱུན་ལས་བྱུང་བའི་སྒོམ་སོགས་འདུས་ཡོད་པའི་གཟའ་འཁོར་བརྒྱད་རིང་གི་སྦྱོང་བརྡར་གྱི་ལས་ཚན་ཞིག་བསྒྲིགས་པ་ཡིན། ཟུང་འབྲེལ་གྱི་སྦྱོང་བརྡར་འདི་ནི་སྙིང་རྗེ་དང༌། བྱམས་པ། གདུང་སེམས་མཉམ་བསྐྱེད་བཅས་ཀྱི་འཕེལ་རྒྱས་དང༌། ཡིད་བྱེད་བཀོད་འདོམས་དང་དྲན་པ་གཉིས་ཀའི་ནུས་པ་ཆེ་རུ་གཏོང་བའི་ཉམས་ལེན་སོགས་ཀྱིས་གྲུབ། ང་ཚོས་ ༢༠༠༣ ལོར་ཐོག་མའི་ཚོད་ལྟའི་ཞིབ་འཇུག་ཅིག་བྱས་ཤིང༌། དེ་ནས་ཁ་ལེ་ཧཕོར་ནེ་མཐོ་སློབ་ཀྱི་སེམས་ཁམས་རིག་པ་སྨྲ་བ་མ་ཀི་རེ་ཏྲིའི༼ Margaret Kemeny ༽ལམ་སྟོན་འོག་བཅོས་ཐབས་ཀྱི་ངོ་བོ་ནས་དེར་ཞིབ་འཇུག་ཚོད་ལྟ་ཐེངས་གཉིས་ལ་བྱས། དེ་ཚོའི་ནང་དུ་ང་ཚོས་སྦྱོང་བརྡར་འདི་ནི་སློབ་གྲྭའི་དགེ་རྒན་ཁག་ལ་སྤྲད་པ་དང༌། ནང་དུ་ཞུགས་མཁན་ཚང་མས་ཉིན་གཅིག་ལ་སྐར་མ་ཉི་ཤུ་རྩ་ལྔ་རེར་སྒོམ་བརྒྱབས་པ་མ་ཟད། ཁོང་ཚོས་ད་དུང་ཉིན་གཅིག་གི་རིང་ལ་དྲན་པ་ཡང་ཡང་བཀོལ་སྤྱོད་བྱེད་སྟངས་ཀྱི་ཐོག་ལའང་སྦྱང་བ་བྱས་པ་རེད། དེ་ཡང་སྒོམ་གྱི་ཐུན་ཉིན་གཅིག་གི་མགོ་མཇུག་བར་གསུམ་ལ་བཀྲམ་པ་སྟེ། དཔེར་ན། འགོག་གློག་གི་འགྲམ་དུ་སྡོད་སྐབས་དང༌། གྲལ་ཞིག་གི་ནང་དུ་སྒུག་སྐབས། ཆ་འཕྲིན་ཀློག་བཞིན་པའི་བར་སོགས་ནས་དྲན་པ་ཉམས་སུ་བླངས་ཡོད།

 

རྩེ་སྐར་ལགས་ཀྱིས་མཁོ་སྤྲོད་གནངས། མུ་འགོད།

Leave a Reply