ཚན་རིག་གིས་ཕྱི་དོན་དུ་བསྒྱུར་་་ དགུ།

ཚན་རིག་གིས་ཕྱི་དོན་དུ་བསྒྱུར་བའི་སྒོམ། དགུ།

ཨ་ལན་གྱིས་བརྩམས་པའི་<<འཕྲང་དུ་ལུས་པའི་སེམས་ཀྱི་གནས་བབ>>ཞེས་པ་ལས་ཚན་བཤུས།

བསྟན་འཛིན་རིག་བཟང་གིས་བསྒྱུར།

ཟིན་བྲིས་གོང་མའི་འཕྲོས།

 

ཀླད་པའི་བྱ་འགུལ་དང་རིགས་རྫས་ལྟ་བུའི་དངོས་ཁམས་ཀྱི་ཤུགས་རྐྱེན་ཁག་གིས་ང་ཚོའི་སྤྱོད་པ་དང༌། སེམས་ཀྱི་ངང་ཚུལ་ཐག་གཅོད་བྱས་ཡོད་དམ། ཡང་ན་ང་ཚོས་སྒོམ་དང་འབད་བརྩོན་གཞན་སོགས་བརྒྱུད་ནས་རང་ཉིད་ཀྱི་བདེ་ཐང་གི་འདུ་ཤེས་དེ་ཡར་རྒྱས་སུ་གཏོང་ཐུབ་བམ། དྲི་བ་འདི་ནི་ཚན་རིག་གིས་སྒོམ་ལ་ཞིབ་འཇུག་བྱེད་པའི་ལས་གཞིའི་རྨང་གཞི་རུ་ཡོད། ང་ཚོས་དྲན་གསལ་ལྟར་འཇམ་མི་སི་རང་སྲོག་འདོར་ལ་ཉེ་བའི་སྐྱོ་ཞུམ་གཏིང་རིང་མོ་ཞིག་གི་ནང་དུ་ལྷུང་བའི་རྒྱུ་རྐྱེན་ནི། ཕྱོགས་གཅིག་ནས་དུས་རབས་བཅུ་དགུ་པའི་དཀྱིལ་མའི་སྐབས་སུ་དར་ཁྱབ་ཆེ་བའི་ལྟ་ཚུལ་ཞིག་སྟེ། འགྲོ་བ་མི་ནི་རང་གི་ཕུང་པོའི་སྟེང་གི་སྐྱེ་དངོས་རྫས་འགྱུར་གྱིས་དབང་བསྒྱུར་བའི་ཨ་ལད་པད་ཀོ་ཙམ་ཡིན་པའི་ཡིད་ཆེས་འདི་ཡིན། ཁོང་གིས་ཆ་བགོ་རིང་ལུགས་ཀྱི་བདེན་འཛིན་འདི་ལ་ཐག་གཅོད་རང་བཞིན་གྱི་ཚན་རིག་གི་བདེན་དཔང་ཞིག་མེད་པ་ངོས་ཟིན་ནས་རང་ཉིད་ཐབས་ཟད་ཀྱི་གནས་སྟངས་ལས་བསྒྲལ་བ་རེད། འདས་པའི་ལོ་ངོ་འགའི་ཞིབ་འཇུག་གིས་འགྲོ་བ་མིའི་རང་བཞིན་ནི་འཕྲུལ་མི་ལྟ་བུ་ཡིན་པའི་ལྟ་ཚུལ་འདི་སྔར་ལས་ཀྱང་ལྷག་པའི་དོགས་གནས་སུ་བསྐྱལ་ཡོད།

 

དེང་སྐབས་དབང་རྩའི་ཚན་རིག་གི་འཚོལ་ཞིབ་ཀྱི་ཁྱབ་ཁོངས་ཆེས་ངོ་མཚར་བ་ཞིག་ནི་དབང་རྩའི་མཉེན་ཆ་སྟེ། ཀླད་པའི་ནང་གི་དབང་རྩའི་ཕྲ་ཕུང་ཚོར་མྱོང་བ་ལ་བལྟོས་ནས་འགྱུར་བ་འགྲོ་བའི་ནུས་པ་ལྡན་པ་འདི་རེད། ང་ཚོས་ཉིན་རེའི་འཚོ་བའི་ནང་རང་ཉིད་ཀྱི་སྤྱོད་པ་དང༌། བསམ་བློ། འདུ་ཤེས་སོགས་ལ་བཅོས་བསྒྱུར་བྱས་ནས་རང་གི་ཀླད་པ་ལ་འགྱུར་བ་གཏོང་ཆོག་པ་ནི་གསར་རྙེད་འདིའི་ཤུགས་བསྟན་ཞིག་ཡིན། ཀླད་པ་ནི་ཕྱིའི་ཁོར་ཡུག་གི་དགོས་མཁོ་གཅིག་པུ་མ་ཡིན་པར་ཤེས་པའི་རྣམ་པ་ཁག་ཐེ་བའི་ནང་ཡིད་ཀྱིས་བསྐྱེད་པའི་བློའི་ངང་ཚུལ་རྣམས་ལའང་བསྟུན་ཏེ། གྲུབ་བཀོད་ཀྱི་ཐད་ནས་འགྱུར་བ་འགྲོ་བའི་དབང་པོ་ཞིག་ཡིན་པ་ཞིབ་འཇུག་གིས་སྟོན་གྱི་ཡོད། ཧ་ཝད་ཌིའི་གསོ་རིག་སློབ་གྲྭར་དབང་རྩའི་ཚན་རིག་པ་ཚོས་གསར་གཏོད་རང་བཞིན་གྱི་ཚོད་ལྟ་ཞིག་གི་ནང་དུ། གཟའ་འཁོར་གཅིག་གི་རིང་ལ་ཉིན་རྟག་ཏུ་དྭང་བླངས་མི་སྣ་ཁག་ཅིག་ལ་རྣོ་སྦྲེང་འཁྲོལ་དུ་བཅུག་པ་རེད། འདི་དང་དུས་མཉམ་དུ་མི་ཚོགས་ཁག་གཞན་ཞིག་གིས་རང་གི་འཆར་སྣང་དུ་རྣོ་སྦྲེང་དཀྲོལ་བ་དང༌། དེ་ཡང་ཁོང་ཚོས་མཛུབ་མོས་རྣོ་སྦྲེང་དཀྲོལ་ནས་རོལ་དབྱངས་གཏོང་བ་ཡིད་ལ་འཆར་དུ་བཅུག་པ་ཙམ་ཡིན། གཟའ་འཁོར་དེའི་མཇུག་ཏུ་དོན་དངོས་སུ་རྣོ་སྦྲེང་འཁྲོལ་མཁན་ཚོའི་ཀླད་པའི་ནང་གི་མོ་ཊར་གྱི་ཀླད་རྒྱ༼ motor cortex:༽མཛུབ་མོའི་འགུལ་བསྐྱོད་སོགས་ལ་སྟངས་འཛིན་བྱེད་པའི་ཀླད་པའི་ཆ་ཤས།༽ཆེ་རུ་སོང་འདུག འདི་ནི་ཐོག་མ་ནས་རེ་སྒུག་བྱས་པའི་འབྲས་བུ་ཞིག་རེད། ཡིན་ཡང༌། འགྱུར་ལྡོག་འདི་ནི་རྟོག་འཆར་དུ་རྣོ་སྦྲེང་འཁྲོལ་མཁན་ཚོའི་ཀླད་པའི་ནང་དུའང་གཅིག་མཚུངས་སུ་བྱུང་ཡོད། རྣོ་སྦྲེང་འཁྲོལ་གྱི་ཡོད་བསམ་པའི་འདུ་ཤེས་ཙམ་གྱིས་ཁོང་ཚོའི་ཀླད་པའི་ནང་དུ་ཚད་འཇལ་ཐུབ་པའི་དངོས་ཁམས་ཀྱི་འགྱུར་བ་བྱུང་བ་རེད། ཞིབ་འཇུག་གི་ཚོད་ལྟ་འདིས,,དེ་ནི་དོན་དངོས་མ་རེད། ཁྱེད་རང་གི་སེམས་ནང་དུ་ཡོད་པ་ཙམ་རེད,,ཅེས་པའི་གནའ་བོའི་སྐད་ཆ་འདི་ཁུངས་མེད་ཡིན་པའི་ར་སྤྲོད་བྱས་འདུག

 

ཁ་ལེ་ཧཕོར་ནེའི་ལཱ་ཇོ་ལར་ཡོད་པའི་སཱ་ལི་ཁི་སྐྱེ་དངོས་རིག་པའི་ཞིབ་འཇུག་ཁང་དུ་ཉམས་ཞིབ་པ་ཚོས་མི་དར་མའི་ཀླད་པས་རང་གི་བཟོ་བཀོད་དང༌། འབྲེལ་མཐུད་ལ་འགྱུར་བ་བཏང་ནས་དེའི་ནུས་རྩོལ་ལ་བཅོས་བསྒྱུར་བྱེད་ཐུབ་པ་གསལ་སྟོན་བྱས། ཡུན་རིང་ཞིག་ལ་ཚན་རིག་པ་ཚོས་འགྱུར་ལྡོག་གི་ནུས་པ་འདི་ནི་བྱིས་པའི་དུས་སྐབས་ནས་བརླགས་ཟིན་པའི་ལྟ་ཚུལ་བཟུང་ཡོད། ཞིབ་འཇུག་འདིའི་བསྟན་བྱ་ནི་ང་ཚོས་རང་ཉིད་ཀྱི་ཁོར་ཡུག་དང༌། འཚོ་བ་སྐྱེལ་སྟངས། དེ་བཞིན་བློའི་བྱ་འགུལ་གྱི་རིགས་སོགས་བདམས་ནས་ཚེ་གང་བོར་ཀླད་པ་དང༌། སེམས་ལ་རང་འགུལ་གྱིས་བཅོས་བསྒྱུར་བྱེད་ཐུབ་པ་འདི་རེད། དབང་རྩའི་མཉེན་ཆ་འདི་འབྱུང་ཚུལ་ཞིག་ནི་དབང་རྩ་གསར་བྱུང་ངམ་ཀླད་པའི་ཕྲ་ཕུང་གསར་པ་དང༌། ལྷག་ཏུ་དབང་རྩའི་བར་མཚམས་གསར་པ་ལ་བརྟེན་ཡོད། མི་ཐང་བོ་ཞིག་གི་ཀླད་པའི་ནང་དུ་དབང་རྩའི་ཕྲ་ཕུང་ཐེར་འབུམ་བརྒྱ་ཡས་མས་ཤིག་མཆིས་ཤིང༌། དབང་རྩའི་ཕྲ་ཕུང་རེ་རེར་འ་སང་དང༌། ཌམ་ཏྲི༼ axon and dendrite ༽ཟེར་བའི་ཉག་མ་ལྟ་བུའི་འབུར་ཐོན་རིང་པོ་གཉིས་རེ་ཡོད། འདི་ཚོས་གནས་ཚུལ་ནི་གློག་གི་འཕར་རྒྱུའི་ལམ་ནས་བརྒྱུད་སྤྲོད་བྱེད་པ་དང༌། ཌམ་ཏྲིས་བརྡ་རྟགས་ཚུར་དབང་རྩའི་ཕྲ་ཕུང་གི་ནང་ལ་ལེན་ཞིང༌། འ་སང་གིས་བརྡ་རྟགས་དབང་རྩའི་ཕྲ་ཕུང་གཞན་ལ་བརྒྱུད་གཏོང་བྱེད། འ་སང་དང་ཌམ་ཏྲི་གཉིས་ཀྱི་ལམ་མདོ་ལ་དབང་རྩའི་བར་མཚམས་ཟེར། བར་མཚམས་འདི་ནས་གནས་ཚུལ་སྐྱེལ་མཁན་ནི་རྫས་འགྱུར་གྱི་ཕོ་ཉ་དབང་རྩའི་བརྡ་གཏོང་བ་ཞེས་པ་དེ་རེད། དབང་རྩའི་ཕྲ་ཕུང་གསར་སྐྱེ་ཚོས་དབང་རྩའི་བར་མཚམས་ཀྱི་འབྲེལ་ལམ་ཇེ་མང་དུ་གཏོང་བ་དང༌། འདིས་ཀླད་པའི་ཕྲ་ཕུང་གསར་པ་ཚོར་ལྟོས་ནའང་ང་ཚོའི་སེམས་ཀྱི་ནུས་རྩོལ་བྱེད་སྟངས་ཀྱི་ཐོག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཀྱི་ཡོད།

 

ང་ཚོས་དབང་རྩ་གསར་བྱུང་ལ་བརྟེན་ནས་བྱ་དངོས་གསར་ཐོན་ངོས་འཛིན་པའི་འབྲེལ་མཐུད་གསར་པ་བསྐྲུན་ཐུབ། དེ་མིན་བྱ་དངོས་གསར་བྱུང་ཞིག་ཡིན་ཡང་གཏན་འཇགས་ཀྱི་དབང་རྩའི་འབྲེལ་མཐུད་སྔ་མའི་རྐྱེན་གྱིས་ང་ཚོར་གསར་བྱུང་གི་རྣམ་པ་ཞིག་ཏུ་སྣང་མི་ཐུབ། དབང་རྩའི་འབྲེལ་མཐུད་གསར་པ་བསྐྲུན་པའི་ནུས་པ་འདི་ནི་སྤྱིར་ལོ་དང་བསྟུན་ནས་ཉམས་འགྲོ་ནའང༌། གསར་པ་ཡིན་ལ་དང་བ་འདྲེན་ཞིང་དཀའ་ཚེགས་ཆེ་བའི་བྱ་བ་བྱེད་པ། ཡང་ན་འདི་ཚོ་མྱོང་བའི་སྐལ་བ་ལྡན་པའི,,ཁོར་ཡུག་ཕུན་སུམ་ཚོགས་པ,,ཞིག་གི་ནང་དུ་འཚོ་བ་བསྐྱལ་ཚེ་ནུས་པ་འདི་འཕེལ་རྒྱུ་རེད། ཁོར་ཡུག་ཕུན་སུམ་ཚོགས་པ་འདིའི་ནང་དུ་ད་དུང་ང་ཚོའི་འཆར་སྣང་གི་འཇིག་རྟེན་དང༌། བློ་དང་འབྲེལ་བའི་བྱ་འགུལ་ཐམས་ཅད་ཀྱང་འཚུད་ཆོག དེའི་ཕྱིར་སྒོམ་ནི་ང་ཚོའི་ཀླད་པ་དང་བློའི་ནུས་སྟོབས་སླར་གསོ་བྱེད་པའི་ཐབས་ལམ་ནུས་ཐོན་རང་བཞིན་ཞིག་ཏུ་བརྩི་འོས་པ་ཞིག་ཡིན།

 

མོན་ཏྲི་རོད་ནང་གི་མད་ཀི་གྷེ་ལི་མཐོ་སློབ་ཏུ་ཚན་རིག་པ་ཚོས་ཉེ་ཆར་གསར་དུ་རྙེད་པའི་གོ་རྟོགས་དེ་ཚོས་འགྲོ་བ་མི་ནི་རང་ཉིད་ཀྱི་རིགས་རྫས་དང༌། དབང་རྩའི་བརྡ་གཏོང་བ། ཀླད་པའི་མ་ལག་གི་ནུས་རྩོལ་བཅས་ཀྱི་བྲན་གཡོག་ཡིན་པའི་ལྟ་ཚུལ་འདིར་དཀའ་ངལ་སྤྲད་ཡོད། ཡེ་ཕེ་རིགས་རྒྱུན༼ epigenetics ༽ནི་ཚན་རིག་པ་དེ་ཚོས་འཚོལ་ཞིབ་བྱེད་ཀྱིན་པའི་ཁྱབ་ཁོངས་གསར་པ་ཞིག་ཡིན། འདི་ནི་རིགས་རྫས་སོ་སོའི་དགྲེ་འར་ནི་ཨད༼ DNA ༽ཀྱི་གོ་རིམ་ལ་འཕོ་འགྱུར་མ་བྱུང་བར་རིགས་རྒྱུན་གྱི་སྡེ་ཁག་གི་ནང་དུ་བྱུང་བའི་བྱེད་ལས་ཀྱི་འགྱུར་ལྡོག་ལ་བརྟག་དཔྱད་གཏོང་བའི་ཞིབ་འཇུག་ཅིག་རེད། རིགས་རྫས་ནི་ཧ་ཅང་གཡོ་འགུལ་ཆེ་བ་དང༌། ཅུང་ཙམ་གཡོ་འགུལ་ཆེ་བ། ཡང་ན་བག་ལ་ཉལ་བ་གསུམ་གང་རུང་ཞིག་ཡིན་ཆོག རིགས་རྫས་ཀྱི་གཡོ་འགུལ་གྱི་ཚད་གཞི་ནི་རིགས་རྫས་རང་གི་རྫས་འགྱུར་གྱི་ཁོར་ཡུག་གིས་ཐག་གཅོད་བྱས་ཡོད། ཕ་མའི་བྱམས་སྐྱོང་གཙོས་བྱ་བ་མང་པོ་ཞིག་གིས་རྫས་འགྱུར་གྱི་ཁོར་ཡུག་དེར་ཤུགས་རྐྱེན་ཐེབས་ཐུབ། ཁོར་ཡུག་གི་རྒྱུ་རྐྱེན་འདིས་ངོ་བཤུས་ཀྱི་རྒྱུ་རྐྱེན་ཟེར་བའི་སྤྲི་དཀར་གྱི་ཐོན་སྐྱེད་ལ་འབྱུང་རྐྱེན་བྱེད་ཆོག ངོ་བཤུས་ཀྱི་རྒྱུ་རྐྱེན་འདིས་མིའི་སྐྱེ་ཕུང་ཡོངས་ལ་རིགས་རྫས་ཀྱིས་ཤུགས་རྐྱེན་ཐེབས་སྟངས་དེ་ཐག་གཅོད་བྱེད་པ་རེད། རིགས་རྫས་ནི་དུམ་བུ་གཉིས་ལས་གྲུབ་པ་དང༌། གཅིག་གིས་སྤྲི་དཀར་བསྐྲུན་པ་དང་གཅིག་ཤོས་ནི་རིགས་རྫས་ཀྱི་བྱ་འགུལ་ལ་སྟངས་འཛིན་བྱེད་པོའི་གནས་གཞི་ཞིག་ཡིན། ངོ་བཤུས་ཀྱི་རྒྱུ་རྐྱེན་གྱིས་ཕྱི་མ་དང་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་བྱེད་ཀྱི་ཡོད། མི་དང་དུད་འགྲོ་ལ་བརྟག་དཔྱད་བྱས་པའི་ཞིབ་འཇུག་གིས་སེམས་ཁམས་ཀྱི་ཆ་སྙོམས་དང་འཕྲོད་བསྟེན་ལ་དགོས་ངེས་ཡིན་པའི་ཀླད་པའི་རྫས་འགྱུར་གྱི་གནས་རིམ་འོས་འཚམས་ཤིག་བསྐྲུན་པར་བྱམས་སྐྱོང་བྱེད་མཁན་དང༌། སེམས་ངལ་ཕྲན་བུ་གཉིས་ནི་གལ་ཆེན་ཡིན་པ་བསྟན་ཡོད། ང་ཚོས་རང་གི་མེས་པོ་ལས་རྒྱུད་འཛིན་བྱས་ཤིང༌། ལོ་ངོ་ས་ཡ་མང་པོའི་རིང་ལ་རང་བྱུང་གི་འདེམས་སྒྲུག་གིས་ཤུགས་རྐྱེན་ཐེབས་པའི་རིགས་རྫས་ཀྱིས་ང་ཚོའི་གཤིས་རྒྱུད་དང༌། ནུས་པ་སོགས་གཏན་ཁེལ་བར་བྱེད་པ་ནི་བཟློག་ཐབས་མེད་པ་ཞིག་མིན། དེ་ལས་ལྡོག་སྟེ། ང་ཚོའི་ཕྱི་ནང་གི་སྤྱོད་པས་རང་ཉིད་ཀྱི་རིགས་རྫས་རྣམས་ཧ་ཅང་གཡོ་འགུལ་ཆེ་བ་དང༌། ཅུང་ཙམ་གཡོ་འགུལ་ཆེ་བ། ཡང་ན་བག་ལ་ཉལ་བ་གང་ཞིག་གི་ངོ་བོར་འགྲོ་མིན་ལ་ཤུགས་རྐྱེན་ཐེབས་ཆོག དཔེར་ན། བྱིས་པ་ཞིག་ལ་ཡིད་བྱེད་མ་འདང་བ་དང༌། ཡང་ན་སེམས་གནད་ལ་མི་འབབ་པའི་ན་ཚ་བསྐྱེད་པའི་རིགས་རྫས་ཀྱི་འཕེལ་ཕྱོགས་ཡོད་ཀྱང༌། ཡིད་བྱེད་ལ་སྦྱང་གོམས་བྱས་ཚེ་འབྲེལ་ཡོད་རིགས་རྫས་ཀྱི་བྱ་འགུལ་ཉུང་དུ་གཏོང་བའམ་བཀག་འགོག་བྱེད་ཐུབ།

Leave a Reply