༄༅། །རྒྱལ་སྤྱིའི་པེན་གྱི་ཡན་ལག་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་གཞི།

(སྤྱི་ཡོངས་ནས་ལས་གཞི་འདི་དག་འཆར་ཅན་གྱི་རྒྱུན་མཐུད་ལས་གཞི་དང་། དམིགས་བསལ་ལས་གཞི། ཕུགས་ཀྱི་ལས་གཞི་ཆེ་ཁག་གསུམ་དུ་འདུ་བ་དང་བྱེ་བྲག་གི་རྣམ་གྲངས་མང་པོ་ཡོད་ཁོངས་སྙིང་བསྡུས་བྱས་པ་ཡིན།)

མ་སྐད་ཀྱི་རྩོམ་རིག་རྒྱུན་འཛིན་དང་། གསར་རྩོམ་གོང་སྤེལ། སྒྱུར་རྩོམ་ནང་འདྲེན། རྩོམ་པ་པོ་དང་རྩོམ་འབྲིའི་རང་དབང་སྲུང་སྐྱོབ་ཀྱི་དགོས་དོན་གཙོ་བོར་བཟུང་བའི་ལས་གཞི་ཆེ་ཁག་གྲས།

1. པེན་རྩོམ་རིག་འཛིན་གྲྭའི་ལས་གཞི།

  1. ཟབ་སྦྱོང་འཛིན་གྲྭ། མང་མཐའ་བདུན་ཕྲག་གཅིག་དང་ཉུང་མཐའ་ཉིན་གཉིས་རིང་གི་ཟབ་སྦྱོང་ལས་རིམ་ཞིག་ཡིན། གཙོ་བོ་རྩོམ་འབྲིའི་རང་དབང་གི་སྐོར་དང་། རྩོམ་པ་པོ་ཁག་གི་མི་ཚེའི་བརྒྱུད་རིམ། གསར་རྩོམ་དང་། རྩོམ་དཔྱད། རྩོམ་རིག་ལོ་རྒྱུས་སོགས་དང་འབྲེལ་ནས་སྐབས་བབ་དགོས་མཁོ་གཞིར་བཟུང་ནས་འགྲོ་བཞིན་པ་ཡིན།
  2. རྩོམ་འབྲིའི་འཛིན་གྲྭ། གཞི་རིམ་གོང་འོག་གི་སློབ་མ་ཡིན་པའི་སྐབས་ནས་རྩོམ་འབྲིའི་གོམས་གཤིས་འཇགས་ཐུབ་པ་དང་། རྩོམ་རིག་རྒྱུན་ཤེས་མཐོ་རུ་གཏོང་ཐུབ་པ། རྩོམ་པ་པོ་ཞིག་གི་ཕུགས་བསམ་མི་ཚེར་འཛིན་ཐུབ་པ་སོགས་ཀྱི་ཆེད་ཡིན་པ་དང་། ལྷག་པར་དུ་སྙན་ངག་དང་། ལྷུག་རྩོམ། འབོལ་རྩོམ། བརྩམས་སྒྲུང་སོགས་རྩོམ་རྣམ་དང་རྩོམ་ལུས་སོ་སོ་བའི་ཐོག་ཆེད་དམིགས་འབྲི་རྩོམ་རང་གི་སྦྱོང་བརྡར་སྤྲོད་བཞིན་པ་ཞིག་ཡིན།
  3. འཆད་ཁྲིད་འཛིན་གྲྭ། དམིགས་བསལ་གྱི་མཁས་དབང་དང་། ཆེད་ལས་རྩོམ་པ་པོ། རྩོམ་རིག་གི་སློབ་དཔོན་ཁག་གདན་ཞུ་བྱས་ཏེ། མཐོ་སློབ་དང་། འབྲིང་རིམ་སློབ་གྲྭ་ཁག་ཏུ་སྲོལ་རྒྱུན་དང་ཉེ་རབས་རྩོམ་རིག་གི་གྲགས་ཅན་བརྩམས་ཆོས་ཟབ་ཁྲིད་གནང་དུ་འཇུག་རྒྱུ་དང་། གསུང་ཁྲིད་དེ་དག་སྒྲ་འཇུག་དང་ཡིག་འགོད་བྱེད་བཞིན་པའི་ལས་རིམ་ཞིག་ཡིན།

2. པེན་སློབ་མའི་གསར་རྩོམ་གོང་སྤེལ་གྱི་ལས་གཞི། གཞི་རིམ་གོང་འོག་བར་གསུམ་གྱི་སློབ་མའི་རྩོམ་ཡིག་གི་གྲངས་ཚད་དང་སྤུས་ཚད་གཉིས་ཆ་གོང་མཐོར་གཏོང་ཐུབ་པའི་ཆེད་དུ་ཡིན།

  1. གསར་ཤོག་ཐོག་སློབ་མའི་རྩོམ་ཡིག་ལེ་ཚན་ཆེད་འགོད་བྱ་རྒྱུ་དང་།
  2. སློབ་མའི་རྩོམ་ཡིག་ལ་རྩོམ་ཡོན་གང་ལེགས་སྤྲོད་རྒྱུ།
  3. ལོ་རེར་སློབ་མའི་རྩོམ་ཡིག་འགྲན་སྡུར་སྤེལ་རྒྱུ།

3. པེན་རྩོམ་སྒྲིག་དང་པར་སྐྲུན་ལས་གཞི།

  1. བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག རིག་གཞུང་། སྐད་ཡིག་གི་གནས་བབས་དངོས་འཁོད་པའི་རྩོམ་ཡིག་ཁག་ཕྱོགས་སྒྲིག (བོད་ནང་དུ་པར་སྐྲུན་བྱས་ཟིན་པ་དང་པར་དུ་འཁོད་མ་ཐུབ་པ། དེ་འབྲེལ་གྱི་ཡིག་ཚགས་ཆ་ཚང་པར་སྐྲུན་བྱ་རྒྱུ།)
  2. ཕྱི་ཡུལ་གྱི་རྩོམ་པ་པོ་ཁག་གི་རྩོམ་རིག་དཔེ་ཚོགས། (པེན་གྱི་ཚོགས་མི་རྩོམ་པ་པོ་སྒེར་གྱི་རྩོམ་རིག་ཆེད་དེབ་རིམ་པར་དེབ་ཕྲེང་དུ་འདོན་རྒྱུ།)
  3. ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་ཡག་ཤོས་ཁག་ཕྱོགས་སྒྲིག (ལྷུག་རྩོམ་དང་། སྒྲུང་རྩོམ། སྙན་ངག འབོལ་རྩོམ། སྒྱུར་རྩོམ་སོགས་ཀྱི་རྩོམ་ལུས་སོ་སོར་དེབ་ཕྲེང་རིམ་པར་འདོན་རྒྱུ། )
  4. བོད་ནང་བཀག་སྡོམ་བྱས་ཟིན་པའི་བརྩམས་ཆོས་ཁག་ཕྱི་ཡུལ་ནས་བསྐྱར་དུ་པར་སྐྲུན།

4. པེན་རྩོམ་སྒྱུར་གྱི་ལས་གཞི།

  1. བོད་ནང་གི་རྩོམ་པ་པོ་ཚོས་བྲིས་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་དངོས་བརྗོད་ཀྱི་རྩོམ་ཡིག་ཁག་རྒྱ་དབྱིན་དུ་སྒྱུར་རྒྱུ།
  2. བོད་ནང་གི་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་སྐོར་གྱི་སྙན་ཐོ་ཁག་དབྱིན་ཡིག་ཏུ་སྒྱུར་རྒྱུ།
  3. རྒྱལ་སྤྱིའི་ཐོག་གི་གྲགས་ཅན་བརྩམས་ཆོས་བོད་ཡིག་ཏུ་སྒྱུར་རྒྱུ།
  4. བཙོན་འོག་རྩོམ་པ་པོ་ཁག་གི་དཀའ་ངལ་གནས་ཚུལ་དང་། རྩོམ་ཡིག མི་ཚེའི་ལོ་རྒྱུས་སོགས་ཀྱི་སྐོར་སྐབས་ཐོག་སོ་སོར་རྒྱ་དབྱིན་དུ་སྒྱུར་རྒྱུ།

5. པེན་གསར་རྩོམ་དང་ཞིབ་འཇུག་གི་ལས་གཞི།

  1. ཞིབ་འཇུག་དེབ་ཕྲེང་གཉིས།
  2. བྱིས་པའི་ཀློག་དེབ་སྒྲུང་རྩོམ་ཁག་བརྒྱ།
  3. བཙོན་འོག་རྩོམ་པ་པོའི་སྐོར་གྱི་ཞིབ་འཇུག་སྙན་ཐོ་རིམ་པ་ཁག
  4. བོད་ནང་བརྩམས་ཆོས་བཀག་སྡོམ་གྱི་ཞིབ་འཇུག་སྙན་ཐོ།
  5. མིག་སྔའི་བོད་ནང་གི་སྐད་ཡིག་གི་གནས་བབ་སྐོར་གྱི་ཞིབ་འཇུག་སྙན་ཐོ།

6. པེན་རིག་གཞུང་གི་ཚོགས་འདུའི་ལས་གཞི། (ཉིན་གཉིས་ནས་གསུམ་བར་གྱི་ཚོགས་འདུ།)

ལོ་རེར་བཙན་བྱོལ་ནང་གི་རྩོམ་པ་པོ་རྒན་རབས་པ་དང་ན་གཞོན་རྩོམ་པ་པོའི་བར་རིག་གཞུང་གི་ཚོགས་འདུ་རེ་སྐོང་འཚོག་བྱ་རྒྱུ་དང་། ན་གཞོན་རྩོམ་པ་པོ་ཚོར་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཆེ་ཁག་ཏུ་ཉམས་ཞུགས་སྦྱོང་བརྡར་ཐོབ་པ་དང་། བཙན་བྱོལ་ནང་རིག་གཞུང་གི་དཔྱད་གླེང་གོང་མཐོར་གཏོང་བ། ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་ཁག་བར་འབྲེལ་ཟབ་ཆེ་རུ་གཏོང་བ། ཐུན་མོང་གི་མཉམ་ལས་མང་ཙམ་སྐྲུན་ཐབས་བཅས་ཀྱི་ཆེད་ཡིན།

7. པེན་མཁས་པའི་ཚོགས་ཆེན་གྱི་ལས་གཞི།

  1. རྒྱལ་སྤྱིའི་རང་བཞིན་གྱི་བོད་ཀྱི་མཁས་པའི་ལྷན་ཚོགས་ལྟ་བུ་སྟེ། སྐད་བརྡ་རིག་པ་དང་། རྩོམ་རིག ལོ་རྒྱུས། སྨན་རྩིས་རིག་པ་སོགས་གཙོ་བོར་བཟུང་ནས་ཚོགས་འདུ་ཆེན་མོ་ཞིག་ལོ་གསུམ་རེའི་ནང་ཐེངས་གཅིག་སྐོང་ཐུབ་རྒྱུར་འབད་བརྩོན་ཞུ་བཞིན་པ།
  2. ཡོ་རོབ་དང་ར་ཤི་ཡ། རྒྱ་ནག་དང་བོད་ཀྱི་རྩོམ་པ་པོའི་བར་དམར་ཕྱོགས་ཀྱི་དབང་བསྒྱུར་འོག་རྩོམ་རིག་དང་སྒྱུ་རྩལ་ཐོག་བཟོ་བཅོས་དང་བཀག་སྡོམ་བྱས་པའི་ནག་ཉེས་ཐེར་འདོན་གྱི་ཚོགས་ཆེན་ཞིག་སྐོང་རྒྱུར་འབད་རྒྱུ། ( ལུང་པ་དེ་དག་ནང་དངོས་སུ་དམར་ཕྱོགས་ཀྱི་དབང་བསྒྱུར་འོག་དཀའ་སྡུག་མྱོང་མཁན་གྱི་མི་སྣ་དང་རིག་གཞུང་ལ་གོད་ཆག་ཆེན་པོ་ཐེབས་ཡོད་པས་ཡིན། )

8. པེན་གཟེངས་རྟགས་ཀྱི་ལས་གཞི། (ལོ་ལྔ་དང་བཅུའི་རིང་གི་ལས་གཞི་ཆེ་ཤོས་གྲས་ཞིག་ཡིན།)

  1. རྩོམ་པ་པོ་ཕུལ་བྱུང་གི་གཟེངས་རྟགས།
  2. བརྩམས་ཆོས་ཕུལ་བྱུང་གི་གཟེངས་རྟགས།
  3. མཁས་དབང་བྱས་རྗེས་ཅན་གྱི་ཕུལ་བྱུང་གཟེངས་རྟགས།
  4. བཙོན་འོག་རྩོམ་པ་པོའི་གཟེངས་རྟགས།

9. པེན་རྒྱལ་སྤྱིའི་ཚོགས་ཆེན་དུ་མཉམ་ཞུགས་ལས་གཞི། (ལོ་རེ་བཞིན་འཆར་ཅན་གྱི་ལས་གཞི།)

འཛམ་གླིང་གི་རྒྱལ་ཁག་སྣ་མང་ལས་གྲུབ་པའི་སྨྱུག་ཚོགས་ཀྱི་རྩ་འཛིན་དང་། སྒྲིག་གཞི། ལས་གཞི་རིམ་པའི་ཐོག་འདུ་འཛོམས་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་དོ་སྣང་དང་། ཤུགས་རྐྱེན་ཆེན་པོ་ཡོད་པ། གྲགས་ཅན་གྱི་རྩོམ་པ་པོ་ཁག་མཉམ་ཞུགས་གནང་མང་ཤོས་ཀྱི་ལྷན་ཚོགས་རིམ་པ་དང་། ཞི་བདེ་དང་། སྐད་བརྡ་རིག་པ་དང་ཡིག་སྒྱུར། བུད་མེད་རྩོམ་པ་པོ། བཙོན་འོག་རྩོམ་པ་པོའི་སྡེ་ཚན་རིམ་པའི་བགྲོ་གླེང་དང་གྲོས་ཆོད་རིམ་པ་མང་པོའི་ནང་མཉམ་ཞུགས་དང་ཆ་ཤས་ལེན་པ། དམིགས་བསལ་བོད་ནང་གི་རྩོམ་འབྲིའི་རང་དབང་དང་བཙོན་འོག་རྩོམ་པ་པོ། སྐད་ཡིག་རང་དབང་སོགས་ཀྱི་གནད་དོན་དཔྱད་གླེང་དང་། བོད་དང་བོད་ཀྱི་སྐད་སྒྲ་མ་མཉམ་པར་གནས་ཐབས་བྱེད་བཞིན་པ་བཅས་ཡིན།

10. པེན་གསར་ཤོག་དང་། དུས་དེབ། དྲ་རྒྱའི་ལས་གཞི།

བདུན་རེ་བཞིན་ཕྱི་སྡོད་བོད་ཀྱི་པེན་དྲ་རྒྱའི་ཐོག་རྩོམ་པོ་དང་། གསར་རྩོམ། རྩོམ་རིག་གི་གནས་ཚུལ་དང་། རྒྱལ་སྤྱིའི་པེན་དང་། པེན་གཞན། བོད་རང་གི་པེན་གྱི་གནས་དོན་རིམ་སྤེལ་དང་། ཟླ་རེ་བཞིན་གསར་ཤོག་སྤྱི་ཚོགས་མེ་ལོང་ཐོག་རྒྱལ་སྤྱིའི་གྲགས་ཅན་རྩོམ་པ་པོའི་ལོ་རྒྱུས་དང་། གྲགས་ཅན་བརྩམས་ཆོས་ངོ་སྤྲོད། བཅར་འདྲི། ན་ཆུང་བྱིས་པ་དང་བུད་མེད་རྩོམ་པ་པོའི་ལེ་ཚན། རྩོམ་རིག་གི་སྐད་གསུམ་ཐ་སྙད་ཤན་སྦྱར། བཙོན་འོག་གི་རྩོམ་པ་པོའི་གནས་ཚུལ་ཆེད་འགོད། སྒྱུར་རྩོམ་དང་གསར་རྩོམ་གྱི་ལེ་ཚན་ཐོག་པར་འགྲེམས་དང་། ལོ་རེ་བཞིན་པེན་གྱི་རྩམ་པ་དུས་དེབ་འགྲེམས་སྤེལ་བཅས་བྱེད་བཞིན་ཡོད།

11. པེན་དུས་དྲན་དང་འབྲེལ་བའི་ལས་གཞི།

ལས་ཁུངས་ལྟེ་བ་བྱས་ནས་ས་གནས་རིམ་པར་མཐོ་སློབ་དང་འབྲིང་རིམ་སློབ་གྲྭ་སོགས་སུ་རྩོམ་པ་པོ་ཁག་མཉམ་འབྲེལ་གནང་སྟེ་རྒྱལ་སྤྱིའི་པེན་གྱི་དུས་དྲན་ཁག་གཙོ་བོ་བྱས་ནས་ལས་འགུལ་སྤེལ་བཞིན་པ་དང་། དམིགས་བསལ་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་། རྒྱལ་སྤྱིའི་བུད་མེད་ཉིན་མོ། རྒྱལ་སྤྱིའི་རྩོམ་རིག་ཉིན་མོ། རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ། བོད་ཀྱི་ལོ་སར་དང་། སུམ་ཅུའི་དུས་དྲན། ༸གོང་ས་མཆོག་གི་འཁྲུངས་སྐར་སོགས་སུ་སྙན་ངག་གྱེར་འདོན་དང་། སྒྱུ་རྩལ་དགོང་ཚོགས། དཔྱད་གླེང་དང་མང་ཚོགས་ལ་གསུང་བཤད་གོ་སྒྲིག་སོགས་ཞུ་བཞིན་ཡོད།

12. པེན་དམིགས་བསལ་ལས་གཞི།

རྒྱ་ནག་གཞུང་ནས་བོད་ཀྱི་རྩོམ་པ་པོ་འཛིན་བཟུང་དང་བཀག་སྐྱིལ། བརྩམས་ཆོས་བཀག་སྡོམ། རྩོམ་འབྲིའི་རང་དབང་ལ་གནོད་པའི་ཁྲིམས་གཞི་དང་སྲིད་བྱུས་གཏན་འབེབ་བྱེད་སྐབས་སོགས་སུ། ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་ས་ཡིག་བསྡུ་ལེན་དང་། ངོ་རྒོལ་ཁྲོམ་སྐོར། རྒྱལ་སྤྱིའི་པེན་ལས་ཁུངས་ལྟེ་བ་དང་། འབྲེལ་ཡོད་ལྷན་ཚོགས་བརྒྱ་དང་ལྔ་བཅུ་ལྷག་ལ་གནས་དོན་སྙན་ཞུ་དང་། རྒྱབ་སྐྱོར་ལས་འགུལ་གང་ལེགས་སྤེལ་ཐབས། དམིགས་བསལ་བོད་ཕྱི་ནང་དུ་ཁྱབ་རྒྱ་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་གསར་སྤེལ། སྐབས་ཐོག་དཀའ་ངལ་འོག་ཚུད་པའི་རྩོམ་པ་པོ་རྣམས་དང་ཁོང་ཅག་གི་བརྩམས་ཆོས་ཀྱི་སྒྱུ་རྩལ་དང་བསམ་བློའི་རང་བཞིན་ལ་དཔྱད་གླེང་དང་། སློབ་གྲྭ་ཁག་ཏུ་དེ་དག་གི་བརྩམས་ཆོས་གྱེར་འདོན་གོ་སྒྲིག བཀག་སྡོམ་དུ་ཚུད་པའི་བརྩམས་ཆོས་པར་སྐྲུན་དང་། སྐད་ཡིག་གཞན་དུ་སྒྱུར་རྒྱུ་བཅས་ཀྱི་ལས་འགུལ་གང་ནུས་སྤེལ་རྒྱུ་བཅས་ཡིན། དེ་བཞིན་རྒྱ་བལ་འབྲུག་གསུམ་སོགས་གང་དུའང་བོད་ཀྱི་རྩོམ་པ་པོ་རྣམས་ལ་རྩོམ་འབྲིའི་རང་དབང་དང་འབྲེལ་བའི་དཀའ་ངལ་ཅི་བྱུང་ཡང་རྒྱལ་སྤྱིའི་པེན་དང་རྒྱལ་ཁབ་གཞན་གྱི་པེན་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག་སྲུང་སྐྱོབ་དང་རོགས་རམ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།